ཨི་ཛི་རལ་གྱིས་ཟླ་བ་གཉིས་ཙམ་གྱི་རྗེས་སུ་སླར་ཡང་གྷ་ཛ་ཁུལ་དུ་གཏོར་རྒོལ་བྱས་ཏེ་མི་རྒྱུ་གཉིས་ལ་གོད་ཆག་ཐེབས་མུས་ཡིན་འདུག
Palestinians inspect the site of an Israeli strike on a residential building in Jabalia, Gaza, on Tuesday. Mahmoud Issa/Reuters
འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༩ ཉིན་ཨི་ཛི་རལ་དང་པ་ལི་སི་ཐན་གཉིས་ཀྱིས་དྲག་རྒོལ་གྱི་དམག་འཁྲུག་རེ་ཞིག་མཚམས་བཞག་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༡༨ ཉིན་ཨི་ཛི་རལ་གྱིས་གློ་བུར་དུ་མཁའ་ལམ་ནས་དྲག་རྒོལ་བྱས་ཏེ། པ་ལི་སི་ཐན་གྱི་མི་མང་ ༤༠༠ ལྷག་དམར་གསོད་དང་། ཟླ་ངོ་གཉིས་ཙམ་གྱི་རྗེས་སུ་སླར་ཡང་གྷ་ཛ་ཁུལ་དུ་དམག་འཁྲུག་གི་ཡོ་ལང་ཞིག་ལང་མགོ་བཙུགས་ཡོད་འདུག
ཁ་སང་གི་དྲག་རྒོལ་དང་འབྲེལ་ནས་ཨི་ཛི་རལ་གྱི་སྲིད་བློན་བྷེ་ཇིན་མིན་ (Benjamin Netanyahu) གྱིས། ཨི་ཛི་རལ་གྱིས་གྷ་ཛ་ལ་བསྐྱར་དུ་དྲག་པོའི་ངང་ནས་འཐབ་རྒོལ་འཐབ་འཛིང་བྱ་རྒྱུ་ཡིན་ལ། བཙན་བཟུང་བྱས་པའི་ཨི་ཛི་རལ་མི་མང་ལྷག་མ་རྣམས་ཀློད་གྲོལ་གཏོང་དགོས། ཨི་ཛི་རལ་གྱིས་དམག་ཤུགས་ཇེ་ཆེར་བཏང་སྟེ་ཧ་མཱ་སི་ལ་འཐབ་འཛིང་མུ་མཐུད་བྱ་རྒྱུ་ཡིན། ཞེས་བརྗོད་འདུག་ལ། ཨི་ཛི་རལ་གྱི་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པས། ཧ་མཱ་སིས་ཨ་རིས་བཏོན་པའི་གྲོས་མཐུན་ཁག་ལ་ངོས་ལེན་བྱས་མེད་པའི་ཁར། ཧ་མཱ་སིས་བཟུང་བའི་ཨི་ཛི་རལ་གྱི་མི་མང་རྣམས་ཀློད་གྲོལ་མ་བྱས་སྟབས། སླར་ཡང་དྲག་རྒོལ་བྱེད་མགོ་བཙུགས་ཡོད་ཚུལ་བཤད་འདུག
དེ་བཞིན་ཧ་མཱ་སིའི་མགྲིན་ཚབ་པ་ཨ་བྷ་ཌུལ་ལ་ཊིཕ་ཨལ་ཀ་ནའོ་ (Abdul Latif Al-Qanou) ཡིས། ཚོགས་པས་འཐབ་འཛིང་མཚམས་འཇོག་གི་གྲོས་མཐུན་མུ་མཐུད་དུ་འགྲོ་འདོད་ལ། ཨ་རིས་བཏོན་པའི་གྲོས་འཆར་ལ་ངོས་ལེན་མ་བྱས་པ་གཏན་ནས་མིན། ཞེས་བརྗོད་འདུག
ཕྱི་ཟླ་ ༡ ཚེས་ ༡༩ ཉིན་ནས་ཉིན་གྲངས་ ༤༢ རིང་ཨི་པ་གཉིས་ཀྱི་དམག་འཁྲུག་རེ་ཞིག་མཚམས་བཞག་ནས། ཧ་མཱ་སིས་མཉམ་འབྲེལ་གྲོས་མཐུན་ལ་ངོས་ལེན་བྱས་པའི་ཁྲོད། ཨི་ཛི་རལ་གྱིས་གྷ་ཛ་ནས་དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་དང་དམག་འཁྲུག་གཏན་འཇགས་མཚམས་འཇོག་དང་། ཧ་མཱ་སིས་ཀྱང་ཨི་ཛི་རལ་གྱི་གསོན་གནས་མི་མང་རྣམས་ཀློད་གྲོལ་གཏང་རྒྱུའི་གྲོས་མཐུན་བྱུང་ཡོད་ཀྱང་། ཁ་སང་གློ་བུར་དུ་གྷ་ཛའི་ཁུལ་དུ་གཏོར་རྒོལ་བྱས་ནས། ཁུལ་དེའི་ཁང་བརྩེགས་དང་ལམ་བུ་སོགས་སུ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། ཨི་ཛི་རལ་གྱིས་མི་མང་དེ་དག་ཁུལ་དེ་ནས་འགྲོ་དགོས་པའི་འཇིགས་སྐུལ་ཡང་བྱས་ཡོད་འདུག
ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༧ ཉིན་པ་ལི་སི་ཐན་གྱི་ཧ་མ་སི་དམག་དཔུང་གིས་གློ་བུར་དུ་ཨི་ཛི་རལ་གྱི་སྟེང་དུ་དྲག་རྒོལ་བྱས་པར་བརྟེན། ད་སྔའི་བར་རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་མཚམས་མ་ཆད་པར་མུ་མཐུད་མེ་ཤུགས་འཕུར་མདའ་འཕེན་རེས་བྱས་དང་བྱེད་མུས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་དམག་འཁྲུག་ཁྲོད་མི་གྲངས་ ༤༩,༡༧༠༦ ལྷག་རྐྱེན་འདས་སུ་གྱུར་བའི་ཁྲོད། པ་ལི་སི་ཐན་གྱི་མི་གྲངས་ ༤༩,༠༠༠ དང་ཨི་ཛི་རལ་གྱི་མི་གྲངས་ ༡༧༠༦ རྐྱེན་འདས་སུ་ཕྱིན། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡༡ ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམག་འཁྲུག་དེའི་ནང་རྐྱེན་འདས་སུ་ཕྱིན་པའི་མི་གྲངས་ལ་ཞིབ་འཇུག་བྱས་པའི་ཁྲོད། རྐྱེན་འདས་སུ་ཕྱིན་པའི་པ་ལི་སི་ཐན་གྱི་མིའི་གྲངས་འབོར་ལས་བརྒྱ་ཆ་ ༧༠ བུད་མེད་དང་བྱིས་པ་ཡིན་པ་ཤེས་རྟོགས་བྱུང་འདུག
ད་བར་ཨི་ཛི་རལ་དང་ཧ་མཱ་སི་གཉིས་བར་ས་མཚོ་གནམ་གསུམ་གྱི་ཐོག་ནས་དམག་འཁྲུག་བརྒྱབ་སྟེ་ཨི་ཛི་རལ་གྱིས་པ་ལི་སི་ཐན་གྱི་སྟེང་དུ་འབར་རྫས་ཁྱོན་ཁྲི་ ༧ ལྷག་དང་། མེ་ཤུགས་འཕུར་མདའ་ཁྱོན་ཁྲི་ ༢ ལྷག་འཕངས། ཧ་མཱ་སིས་ཨི་ཛི་རལ་གྱི་སྟེང་དུ་མེ་ཤུགས་འཕུར་མདའ་ཁྱོན་ ༡༠,༦༠༠ འཕངས། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་དམག་འཁྲུག་ཁྲོད་ཨི་ཛི་རལ་གྱིས་ཧ་མཱ་སིའི་མགོ་ཁྲིད་ (Ismail Haniyeh) བསད། ཨི་ཛི་རལ་དང་ཧ་མ་སིའི་དམག་འཁྲུག་གི་དབང་གིས། ཨི་ཛི་རལ་དང་ལཱ་བྷོ་ནན་ (labonan) གྱི་ཧི་ཛི་བྷོ་ལཱ་ (Hezbollah) དམག་དཔུང་བར་འཐབ་འཛིང་ཤོར།
ཨི་ཛི་རལ་དང་པ་ལི་སི་ཐན་བར་གྱི་རྩོད་རྙོག་དེ་ནི་ལོ་ངོ་སྟོང་ཕྲག་རིང་མཚམས་ཆད་མ་མྱོང་བའི་རྩོད་རྙོག་ཅིག་སྟེ། ཕྱི་ལོ་ ༡༩༦༧ ལོར་དཀྱིལ་ཤར་ཨེ་ཤ་ཡའི་དམག་འཁྲུག་སྐབས་གྲོང་ཁྱེར་དེ་ཨི་ཛི་རལ་གྱིས་དབང་བསྒྱུར་བྱས་ཡོད། ཕྱི་ལོ་ ༡༩༩༣ ལོར་ཨི་ཛི་རལ་དང་པ་ལི་སི་ཐན་བར་ལ་ཞི་བའི་གྲོས་མཐུན་ཞིག་བཞག་སྟེ། ཇེ་རོ་སཱ་ལམ་གྱི་གནད་དོན་དེ་རྗེས་སུ་ཞི་མཐུན་གྱི་ངང་ནས་ཐག་གཅོད་བྱས་ནས་ས་མཚམས་ཁུལ་གྱི་ཟིང་འཁྲུག་ཅུང་ཞི་འཇགས་སུ་ཕྱིན་ཡོད་ཀྱང་། ཕྱི་ལོ་ ༢༠༡༧ ལོར་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་ས་ཆ་དེ་ཨི་ཛི་རལ་གྱི་ཡིན་སྐོར་ཡོངས་བསྒྲགས་གནང་སྟེ་ཡུལ་གཉིས་བར་གྱི་ཟིང་འཁྲུག་བསྐྱར་དུ་བསླངས་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།