ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་དགུང་གྲངས་ ༨༨ སྟེང་རང་ཁྱིམ་དུ་སྐུ་གཤེགས་པར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་སྨོན་སྐྱབས་འཇུག་མཛད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཕོབ་ཆོས་དཔོན་མཆོག པར་སྒྲིག་བཟོ་བྱས།
ཕྱི་ཟླ་ ༢༢ ཉིན་ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་དགུང་གྲངས་ ༨༨ སྟེང་རང་ཁྱིམ་དུ་སྐུ་གཤེགས་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཡེ་ཤེས་ཆོས་དོན་སྐུ་ཚབ་ལེའོ་པོལ་ཌོ་གྷི་རེལ་ལི་(Leopoldo Girelli) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ཏེ། དམ་པ་ཁོང་ལ་ཐུགས་སྨོན་སྐྱབས་འཇུག་མཛད་གནང་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་། ཆོས་དཔོན་ཕོབ་མཆོག་གིས་མི་གཞན་ལ་ཞབས་ཞུ་སྒྲུབ་པའི་དམིགས་བསལ་ལས་དོན་གཉེར་ཡོད། ཁོང་གི་མཛད་སྤྱོད་ཁོ་ནས་འཚོ་བ་དཀྱུས་མ་ཞིག་དང་དོན་སྙིང་ལྡན་པ་ཞིག་ཇི་ལྟར་སྐྱེལ་དགོས་མིན་གསལ་སྟོན་གནང་ཡོད། ང་ཚོས་ཁོང་ལ་རྗེས་དྲན་གྱི་མཆོད་པ་འབུལ་བའི་ཐབས་ལམ་ཡག་ཤོས་ནི་སེམས་པ་དྲོ་སྐྱིད་ལྡན་པའི་མི་ཞིག་བྱས་ཏེ། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གཞན་ལ་ཞབས་ཞུ་སྒྲུབ་རྒྱུ་དེ་ཡིན། ཞེས་དང་། དྷ་སའི་གཙུག་ལག་ཁང་དུ་བོད་མི་རྣམས་ཀྱིས་རྗེས་དྲན་གྱི་མཆོད་འབུལ་སྨོན་ལམ་ཞིག་འཚོག་གི་ཡིན། ཞེས་གསུངས་འདུག
དེ་བཞིན། མདང་དགོང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུགས་གསོ་ཞུས་པའི་ནང་། དབུས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་གནང་སྟེ་འཛམ་གླིང་ཡོངས་ཀྱི་ཁེ་ཐོ་ལིག་ཆོས་ཚོགས་དང་དད་ལྡན་མི་མང་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡི་ཡོད་ལ། ཆོས་ལུགས་དབྱེ་འབྱེད་ཀྱི་འཛམ་གླིང་ནང་ཡེ་ཤུའི་ཆོས་དཔོན་ཕོབ་མཆོག་གིས་བྱམས་སྙིང་རྗེ་དང་སྤུན་ཟླའི་འདུ་ཤེས་ཀྱི་ནུས་སྟོབས་ངོ་མ་དེ་ཁྱབ་སྤེལ་གནང་ཡོད་ལ། ཐུགས་བློ་བརྟན་པོས་མཐའ་འཁོབ་པར་རྒྱབ་སྐྱོར་དང་། བདེན་པ་སྨྲ་བའི་ནུས་སྟོབས་གོང་སྤེལ། དེ་བཞིན་བོད་བརྒྱུད་ནང་བསྟན་ཚུད་པའི་སྲོལ་རྒྱུན་སློབ་གསོའི་ནང་དུ་ཡོད་པའི་་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་གཏིང་ཟབ་ངང་སྐུལ་སློང་གནང་ཡོད་པ་སོགས་གསུངས་འདུག
དེ་བཞིན་གསུང་འཕྲིན་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཆོས་དཔོན་མཆོག་ལ་བསྔགས་བརྗོད་གནང་གི་ཡོད་ལ། ལྷག་པར་དུ་ཁོང་རྣམ་པས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་པ་མཉམ་འདོན་མཛད་ཡོད་པ་དེ་ནི་མིའི་རིགས་གཅིག་ལ་གཅིག་རྟེན་ཡིན་པའི་ཆོས་ཉིད་ཟབ་མོ་རྟོགས་པ་ལ་བརྟེན་ནས་བྱུང་བ་ཡིན་སྐོར་དང་། དཀའ་སྡུག་གི་དུས་ཚོད་ནང་ང་ཚོ་ཚང་མས་འཛམ་གླིང་གི་ཁ་ཐོ་ལིའི་ཆོས་ལུགས་པ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། ཕོབ་ཆོས་དཔོན་མཆོག་གི་ཐུགས་དགོངས་བཞིན་འཛམ་གླིང་ནང་སྔར་ལས་བྱམས་བརྩེས་ཁྱབ་ཐུབ་པའི་ཐུགས་སྨོན་གནང་འདུག
ཡེ་ཤུའི་ཆོས་དཔོན་ཕོབ་ (Pope Francis) མཆོག་ནི་ཕྱི་ལོ་ ༡༩༣༦ ཟླ་ ༡༢ ཚེས་ ༡༧ ཉིན་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཨར་གྷེན་ཊི་ན་རུ་འཁྲུངས་ཤིང་། ཆུང་དུས་སན་ཊོ་སི་ཨན་གྷི་ལེ་སི་སློབ་གྲྭ་ (Santos Angeles School) རུ་སློབ་སྦྱོང་གནང་། དེ་རྗེས་ (Escuela Tecnica) སློབ་གྲྭ་རུ་རྫས་འགྱུར་རིག་པའི་ཐོག་སློབ་མཐར་ཕྱིན། དགུང་ལོ་ ༢༡ ཐོག་ཁོང་ལ་གློ་བའི་གཉན་ཚད་ཀྱི་ནད་གཞི་ཕོག་སྟེ། གློ་བ་གཅིག་མེད་པར་བཟོ་དགོས་བྱུང་འདུག དེ་ནས་ཁོང་གིས་བླ་མ་གསོ་སྐྱོང་ཁང་དུ་སློབ་སྦྱོང་གནང་། ཕྱི་ལོ་ ༡༩༦༧ ལོར་ཆོས་ལུགས་རིག་པའི་སློབ་སྦྱོང་གནང་མགོ་བཙུགས། ཕྱི་ལོ་ ༡༩༦༩ ཟླ་ ༡༢ ཚེས་ ༡༣ ཉིན་ཁོང་རཱ་མོན་ཇོ་སི་ཁེ་སི་ཏེ་ལཱ་ནོ་ཡིས་བསྙེན་རྫོགས་ཀྱི་སྡོམ་པ་བསྒྲུབས། དེ་རྗེས་ས་གནས་དེར་ཆོས་ལུགས་རིག་པའི་སློབ་དཔོན་གྱི་འགན་བཞེས། ཕྱི་ལོ་ ༡༩༩༢ ལོར་བླ་ཆེན་དུ་བསྐོས་པ་དང་། ཕྱི་ལོ་ ༢༠༡༣ ལོར་ཕོབ་མཆོག་ཡེ་ཤུའི་ཆོས་དཔོན་དུ་འདེམས་ཐོན་བྱུང་སྟེ་ད་བར་ཐུགས་འགན་བཞེས་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།