༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨོ་གླིང་ངལ་རྩོལ་ཚོགས་པའི་མགོ་ཁྲིད་སྐུ་ཞབས་ཨན་ཐོ་ནི་ཨལ་བྷེ་ནི་སི་མཆོག་ཨོ་གླིང་སྲིད་བློན་དུ་སླར་ཡང་འོས་འདེམས་བྱུང་བར་འཚམས་འདྲི་མཛད།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཨོ་གླིང་ངལ་རྩོལ་སྲིད་དོན་ཚོགས་པའི་(Labor Party)མགོ་ཁྲིད་སྐུ་ཞབས་ཨིན་ཐོ་ནི་ཨལ་བྷེ་ནི་སི་ (Anthony Albanese) མཆོག་ལ་འདི་ལོའི་ཨོ་གླིང་སྲིད་བློན་གྱི་འོས་བསྡུ་ཁྲོད་རྒྱལ་ཁ་ཐོབ་ཡོད་པ་ལྟར། ཁ་སང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཁོང་གི་མཚན་ཐོག་ཏུ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ། ཁོང་དང་ཁོང་གི་ཆབ་སྲིད་ཚོགས་པར་ཨོ་གླིང་གྲོས་ཚོགས་འོས་བསྡུ་ལས་ཐེངས་གཉིས་པར་རྒྱལ་ཁ་ཐོབ་པར་འཚམས་འདྲི་གནང་འདུག
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འཚམས་འདྲིའི་གསུང་འཕྲིན་ནང་། འདས་པའི་ལོ་མང་པོའི་རིང་ངོས་རང་ཨོ་གླིང་དུ་ཐེངས་མང་པོར་ཕྱིན་པའི་གོ་སྐབས་བྱུང་། ཨོ་གླིང་གི་གཅེན་གཅུང་རྣམས་ཀྱི་མཛའ་བརྩེ་དང་བརྩེ་སེམས་ཀྱིས་ངོས་རང་ལ་ཚོར་བ་གཏིང་ཟབ་མོ་སྤྲད་བྱུང། ངོས་ཀྱིས་འགྲོ་བ་མིའི་བྱམས་བརྩེའི་རིན་ཐང་དང་། སྙིང་རྗེ། འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས། ཆོས་ལུགས་ནང་ཁུལ་བར་འཆམ་མཐུན་གོང་སྤེལ་གཏོང་བར་འབད་བརྩོན་བྱས་པར་ཁོང་ཚོས་སྤྲོ་སྣང་ལྡན་པའི་ཐོག་ནས་དོ་སྣང་བྱེད་བཞིན་པར་ཡིད་འགུལ་ཆེན་པོ་ཐེབས་སོང་། ངོས་ཀྱིས་གོ་སྐབས་འདི་བརྒྱུད་ནས་ཨོ་གླིང་གཞུང་མང་གཉིས་ཀྱིས་བོད་མི་རིགས་ཀྱི་རང་དབང་དང་ཆེ་མཐོང་ལ་དོ་སྣང་བྱས་ཏེ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མཇུག་ཏུ་ངོས་ནས་ཁྱེད་ཀྱིས་ཨོ་གླིང་མི་མང་གི་རེ་འདོད་དང་མངོན་འདོད་ཀྱི་ལས་དོན་བསྒྲུབ་པར་འཕྲད་པའི་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཏེ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་འཚམས་འཕྲིན་ནང་། ངས་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྲིད་བློན་མཆོག་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ཨོ་གླིང་གིས་བཙན་བྱོལ་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། དམིགས་བསལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དང་ཁོང་ཚོའི་ནང་མི་རྣམས་ལ་ཁྱེད་ཀྱི་རྒྱལ་ཁབ་ནང་དུ་ཁྱིམ་གཞི་གསར་བ་རྙེད་ཡོད། ལོ་མང་པོའི་རིང་ཨོ་གླིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཡོངས་ཀྱིས་བོད་དོན་ཐོག་མཛའ་བརྩེ་བརྟན་པོའི་ཐོག་ནས་བོད་མི་མང་ལ་རེ་བའི་འོད་སྣང་ཞིག་སྩལ་ཡོད་ལ། ཁྱེད་ཀྱི་མགོ་ཁྲིད་ལས་ཡུན་རིང་ང་ཚོས་མཛའ་འབྲེལ་ཇེ་ཟབ་ཏུ་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད། ཅེས་གསུངས་འདུག
སྐུ་ཞབས་ཨེན་ཐོ་ནི་ཨལ་བྷེ་ནི་སི་མཆོག་ནི་ཕྱི་ལོ་ ༡༩༦༣ ལོར་ཨོ་གླིང་སི་ཊི་ནི་(Sydney) གྲོང་ཁྱེར་ཁུལ་དུ་སྐྱེས་ཡོད་ཅིང་། ཁོང་ནི་ཡོངས་གྲགས་སུ་རིན་མེད་ཀྱི་སྨན་བཅོས་ལྟ་སྐྱོང་དང་། ཨེལ་ཇི་བྷི་ཊི་(LGBT) མི་སྡེའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཕྱི་ལོ་ ༡༩༩༦ ལོར་ཐོག་མར་ཨོ་གླིང་གི་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་། རིམ་རྗེས་གྲོས་ཚོགས་ཀྱི་ཁ་གཏད་ཚོགས་པའི་བློན་ཆེན་(Shadow Minister) གོ་གནས་བསྟུད་མར་ཐོབ་སྟེ། མཐར་ཕྱི་ལོ་ ༢༠༠༧ ལོར་རྒྱལ་ཡོངས་འོས་བསྡུའི་སྐབས་ངལ་རྩོལ་ཚོགས་པར་རྒྱལ་ཁ་ཐོབ་པར་བརྟེན། ཨེན་ཐོ་ནི་ཨལ་བྷེ་ནི་སི་ཨོ་གླིང་གི་འཛུགས་སྐྲུན་དང་འགྲིམ་འགྲུལ་བློན་ཆེན་དུ་བསྐོ་གཞག་བྱུང་ཡོད་ལ། ཕྱི་ལོ་ ༢༠༡༣ ལོར་གཞུང་འཛིན་ཚོགས་པའི་མགོ་འཁྲིད་འཕོ་འགྱུར་གྱི་རྐྱེན་པས་ཁོང་ཐོག་མར་ངལ་རྩོལ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ལོ་དེའི་ཟླ་ ༦ ནས་ ༩ པའི་བར་ཨོ་གླིང་གི་སྲིད་བློན་གཞོན་པའི་ལས་འཁུར་ཞུས་པ་དང་། ཕྱི་ལོ་ ༢༠༡༩ ནས་བཟུང་ཚོགས་པ་དེའི་ཚོགས་གཙོ་གནང་ཡོད་པ་རེད། ཕྱི་ལོ་ ༢༠༢༢ ལོའི་ཨོ་གླིང་འོས་བསྡུའི་གྲུབ་འབྲས་རིམ་ཐོན་ནང་ངལ་རྩོལ་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་སྟེ་སྲིད་བློན་ཐེངས་ ༣༡ པར་འདེམས་ཐོན་བྱུང་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།



