སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་༧སྐུའི་ཡང་སྲིད་དང་ཆོས་ཚོགས་ཀྱི་དབུ་ཁྲིད་ཅིག་བདམ་སྲིད་པ་རེད་ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨན་ཌི་ཊི་ཝི་གསར་ཁང་གི་བཅར་འདྲིའི་ལེ་ཚན་ནང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ནས་ ༤ བར་དྷ་རམ་ས་ལར་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་རྒྱུ་ཡིན་པ་མ་ཟད། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཚོགས་ཆེན་དང་འབྲེལ་ནས་བཀའ་སློབ་བསྩལ་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཅེས་དང་། ད་ལན་གྱི་ཆོས་ཚོགས་སྟེང་༧གོང་ས་མཆོག་ནས་༧སྐུ་ཡང་སྲིད་དང་ཆོས་ཚོགས་ཀྱི་དབུ་ཁྲིད་ཅིག་བདམ་སྲིད་པ་རེད། ཅེས་གསུངས་འདུག
རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་བསྐོ་གཞག་བྱ་རྒྱུ་ཡིན་པའི་བསྒྲགས་གཏམ་ཡང་ནས་བསྐྱར་དུ་སྤེལ་བར་བརྡ་ལན་སློག་ཆེད། སྲིད་སྐྱོང་མཆོག་གིས། ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཞིག་ཡིན་ཚེ། ནམ་ཡང་རྒྱ་ནག་གིས་ངོས་འཛིན་བྱས་པའི་ཡང་སྲིད་ལ་ངོས་ལེན་བྱེད་སྲིད་ཀྱི་མེད་པ་ནན་བརྗོད་གནང་བ་དང་། ང་ཚོ་ཚང་མས་ཤེས་གསལ་ལྟར། བོད་ཀྱི་ནང་ཆོས་ཁོ་ནའི་ལམ་ནས་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་གནང་རྒྱུ་དང་། རྒྱ་ནག་གཞུང་གིས་༧སྐུའི་དང་ཡང་སྲིད་འབྲེལ་བའི་གནད་དོན་ཐོག་ཐེ་གཏོགས་བྱེད་མི་ཆོག་པའི་བརྡ་ལན་གནང་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པ་རྒྱ་གར་དུ་ཞབས་སོར་བཀོད་འཕྲལ། ཤིན་ཏུ་གཉན་འཕྲང་ཆེ་བའི་དུས་སྐབས་དེར། བོད་ཀྱི་ཆོས་རིག་གི་ཁྱད་ནོར་བཟང་པོ་རྣམས་མ་ཉམས་རྒྱུན་འཛིན་ཐུབ་སླད། ཕྱི་ལོ་ ༡༩༦༣ ལོ་ནས་བཟུང་༧རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གནང་བར་བོད་ཀྱི་ཆོས་བརྒྱུད་བཅས་པའི་ཆོས་ཚོགས་དེ་འཚོགས་མགོ་བཙུགས་ཡོད་འདུག
ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༧ ནས་ ༢༩ བར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་ཀྱི་བོད་ཐོག་ཁང་ཆེན་མོའི་ཚོགས་ཁང་ནང་བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་ཚོགས་ཡོད་ཅིང། ཐེངས་དེའི་ཚོགས་ཆེན་ཐོག་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་འཛིན་རིན་པོ་ཆེདང་། ༧སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ། ༧སྐྱབས་རྗེ་སྨན་རི་ཁྲི་འཛིན་རིན་པོ་ཆེ། ༧སྐྱབས་མགོན་འབྲི་གུང་ཆེ་ཚང་རིན་པོ་ཆེ། ༧རྒྱལ་དབང་ཀརྨ་པ་རིན་པོ་ཆེའི་སྐུ་ཚབ་༧སྐྱབས་རྗེ་མཚུར་ཕུ་རྒྱལ་ཚབ་གཽ་ཤྲཱི་རིན་པོ་ཆེ། ༧སྔ་འགྱུར་རྙིང་མའི་སྐུ་ཚབ་སྤྲུལ་སྐུ་ཆོས་དར་རིན་པོ་ཆེ། ༧སྐྱབས་མགོན་འབྲུག་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་རིན་པོ་ཆེ། ༧སྐྱབས་རྗེ་སྟག་ལུང་ཞབས་དྲུང་རིན་པོ་ཆེའི་སྐུ་ཚབ་༧སྐྱབས་རྗེ་སྟག་ལུང་མ་སྤྲུལ་རིན་པོ་ཆེ། དེ་བཞིན། ༧སྐྱབས་རྗེ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་བཅས་ཀྱི་དབུས་པའི་སྔ་འགྱུར་རྙིང་མའི་བླ་སྤྲུལ་དང་དགོན་པའི་སྐུ་ཚབ་ ༢༦ དང་། བཀའ་བརྒྱུད་ཀྱི་བླ་སྤྲུལ་དང་སྐུ་ཚབ་ ༢༤། ས་སྐྱའི་བླ་སྤྲུལ་དང་སྐུ་ཚབ་ ༢༢ ། དགེ་ལུགས་ཀྱི་བླ་སྤྲུལ་དང་སྐུ་ཚབ་ ༣༠ ། གཡུ་དྲུང་བོན་གྱི་བླ་སྤྲུལ་དང་སྐུ་ཚབ་ ༡༡ ། དེ་བཞིན། ཇོ་ནང་པའི་བླ་སྤྲུལ་དང་སྐུ་ཚབ་ ༤ ། བོ་དོང་དང་བོ་ལུགས། གཞིས་བྱེས་བཅས་བླ་སྤྲུལ་དང་སྐུ་ཚབ་རེ་རེ་བཅས་མི་གྲངས་ ༣ ། རིས་མེད་དགོན་སྡེའི་སྐུ་ཚབ་ ༡ ། བཙུན་དགོན་ཁག་ ༡༢ ནས་སྐུ་ཚབ་བཙུན་མ་ ༡༦ ། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བླ་སྤྲུལ་དང་སྐུ་ཚབ་ ༡༢། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གི་དབུས་པའི་བཀའ་བློན་རྣམ་པ་དང་། མཛད་གཙོ་རྣམ་པ་སོགས་གདན་ཞུའི་མི་གྲངས་ ༡༦༧ ཡོད་པ་ལས། དངོས་སུ་ཚོགས་བཅར་གནང་མཁན་གྲངས་ ༡༡༧ བྱུང་འདུག
སྐབས་དེར་ ༡༽ སྔ་མའི་ཐུགས་བསྐྱེད་དམ་བཅའ་དང་གདུལ་བྱ་འདུལ་བྱེད་ཀྱི་རྟེན་འབྲེལ་གྱི་དབང་གིས་འཕགས་མཆོག་འཇིག་རྟེན་དབང་ཕྱུག་མིའི་རྣམ་པར་རོལ་བ་ྋརྒྱལ་དབང་སྐུ་ཕྲེང་རིམ་པ་དང་བོད་མི་རྣམས་ནམ་ཡང་ཁ་འབྲལ་ཐབས་མེད་པ་དང་། ཁྱད་པར་བོད་གངས་ཅན་གྱི་སྐྱེ་འགྲོ་རྣམས་གཉན་འཕྲང་གི་འགག་ཆེན་ལ་ཐུག་པའི་དུས་སྐབས་འདིར། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་། ༧རྒྱལ་བའི་ཡང་སྲིད་འཁྲུལ་བྲལ་རིན་པོ་ཆེ་མུ་མཐུད་ངེས་འབྱོན་དགོས་པ་བོད་མི་ཡོངས་ཀྱི་བཅོས་མིན་མངོན་འདོད་ཡིན་པར་བརྟེན། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེ་དོན་གསོལ་འདེབས་རྩེ་གཅིག་ཏུ་ཞུ་རྒྱུ། ༢༽ ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་ྋརྒྱལ་བའི་ཡང་སྤྲུལ་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན། ༣༽ ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས། ནང་པ་སངས་རྒྱས་བའི་གཞི་རྩའི་ལྟ་གྲུབ་ཡང་དག་ལ་བརྟེན་ཞིང་། མི་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུད་འཛིན་ལག་ལེན་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་བྱ་རྒྱུ་ཡིན་པ་བཅས་གྲོས་ཆོད་དོན་ཚན་གསུམ་གཏན་འབེབས་གནང་ཡོད་འདུག
ཕྱི་ལོ་ ༡༩༦༣ ཟླ་ ༨ པའི་ནང་བཞུགས་སྒར་དྷ་སའི་ཕོ་བྲང་ས་ཝ་ཨ་ཤམ་ར་རུ་ཆོས་ཚོགས་ཐེངས་དང་པོ་འཚོགས་ཡོད་ཅིང་། ཕྱི་ལོ་ ༡༩༦༣ ཟླ་ ༡༡ ནང་བཞུགས་སྒར་དྷ་སའི་ཕོ་བྲང་ས་ཝ་ཨ་ཤམ་ར་རུ་ཆོས་ཚོགས་ཐེངས་གཉིས་པ་འཚོགས་ཡོད་པ་དང་། ཕྱི་ལོ་ ༡༩༨༠ ལོར་བཞུགས་སྒར་དྷ་རམ་ས་ལ་རུ་ཆོས་ཚོགས་ཐེངས་གསུམ་པ་འཚོགས། ཕྱི་ལོ་ ༡༩༨༨ ལོར་ཝ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་དུ་ཆོས་ཚོགས་ཐེངས་བཞི་པ་འཚོགས། ཕྱི་ལོ་ ༡༩༩༥ ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཆོས་ཚོགས་ཐེངས་ལྔ་པ་འཚོགས། ཕྱི་ལོ་ ༡༩༩༧ ལོར་བཞུགས་སྒར་སྨན་རྩིས་ཁང་དུ་ཆོས་ཚོགས་ཐེངས་དྲུག་པ་འཚོགས། ཕྱི་ལོ་ ༢༠༠༠ ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཆོས་ཚོགས་ཐེངས་བདུན་པ་འཚོགས། ཕྱི་ལོ ༢༠༠༣ ལོར་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་ཆོས་ཚོགས་ཐེངས་བརྒྱད་པ་འཚོགས། ཕྱི་ལོ་ ༢༠༠༦ ལོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཆོས་ཚོགས་ཐེངས་དགུ་པ་འཚོགས། ཕྱི་ལོ་ ༢༠༠༩ ལོར་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆོས་ཚོགས་ཐེངས་བཅུ་པ་འཚོགས། ཕྱི་ལོ་ ༢༠༡༡ ལོར་བཞུགས་སྒར་དྷ་ས་སཱུརྱ་གསོལ་མགྲོན་ཁང་དུ་ཆོས་ཚོགས་ཐེངས་བཅུ་གཅིག་པ་འཚོགས། ཕྱི་ལོ་ ༢༠༡༥ ཟླ་ ༦ པའི་ནང་དྷ་ས་སཱུརྱ་གསོལ་མགྲོན་ཁང་དུ་ཆོས་ཚོགས་ཐེངས་བཅུ་གཉིས་པ་འཚོགས། ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ནང་བཞུགས་སྒར་དྷ་ས་སཱུརྱ་གསོལ་མགྲོན་ཁང་དུ་ཆོས་ཚོགས་ཐེངས་བཅུ་གསུམ་པ་བཅས་འཚོགས་ཡོད་འདུག
ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གསལ་བའི་གྲངས་ཐོ་ལྟར་ན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་སུ་དེབ་སྐྱེལ་བྱུང་བ་རྒྱ་བལ་འབྲུག་གསུམ་དུ་དགོན་པ་ ༢༦༢ ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། བྱམས་པ་ཚེ་རིང་།