༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་ཡང་སྲིད་ཁྲི་སྟོན་གྱི་མཛད་སྒོ་སྟབས་བདེ་ཞིག་འཚོགས།

དེ་རིང་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་། འཁྲུལ་ཞིག་རིན་པོ་ཆེའི་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་ཆབས་ཅིག འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་ཆོས་ཀྱི་བློ་གྲོས་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས་འདུག
ཁྲི་སྟོན་མཛད་སྒོ་གྲུབ་རྗེས་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་ཆོས་ཀྱི་བློ་གྲོས་མཆོག་གིས་འདི་གའི་གསར་འགོད་པར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་པ་དེ་༧མགོན་པོ་གང་ཉིད་མཆོག་དགུང་ལོ་བརྒྱ་དང་སུམ་ཅུ་སོ་གྲངས་བཞུགས་རྒྱུའི་ཆེད་དུ་བརྟན་བཞུགས་ཕུལ་བ་ཡིན། བརྟན་བཞུགས་ཡག་པོ་ཞེ་དྲགས་བྱུང་སོང་། ཞེས་གསུངས་བྱུང་།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་ཆོས་ཀྱི་བློ་གྲོས་མཆོག་གི་ཕྱག་མཛོད་མཁན་པོ་ངག་དབང་འཇིགས་མེད་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་དང་། དེ་སྔ་འཁྲུལ་ཞིག་རིན་པོ་ཆེ་སྐུ་གོང་མའི་གསོལ་དཔོན་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཡང་སྲིད་རིན་པོ་ཆེ་མཆོག་གི་ཁྲི་སྟོན་གནང་རྒྱུའི་གསོལ་བ་བཏབ་པ་ལྟར། ༧མགོན་པོ་གང་ཉིད་མཆོག་ནས་ཁྲི་སྟོན་གནང་རྒྱུའི་ཞལ་བཞེས་གནང་བ་རེད། དེའི་རྗེས་ཏོག་དབྱིབས་གཉན་རིམས་དང་། རིན་པོ་ཆེ་མཆོག་གི་གསོལ་དཔོན་ལགས་སྐུ་གཤེགས་པར་བརྟེན། ད་ལྟ་བར་དུ་བྱུང་མེད་པ་རེད། ཉེ་ལམ་༧གོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁ་བྱུང་དུས། ང་ཚོས་སླར་ཡང་གསོལ་བ་བཏབ་ནས་དེ་རིང་ཡང་སྲིད་རིན་པོ་ཆེ་མཆོག་གི་ཁྲི་སྟོན་གནང་བ་དང་། ༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་སྐལ་བ་བཟང་པོ་བྱུང་། ཞེས་འགྲེལ་བརྗོད་གནང་བྱུང་།
འདི་གའི་གསར་འགོད་པས་ཞལ་པར་བརྒྱུད་ཕྱག་མཛོད་ལགས་སུ་ཡང་སྲིད་རིན་པོ་ཆེའི་ཁྲི་སྟོན་རྒྱས་པ་ག་དུས་གནང་རྒྱུ་ཡིན་མིན་སོགས་བཀའ་འདྲི་ཞུས་པར། ཁོང་གིས། ད་ལྟ་ཁྲི་སྟོན་གྱི་མཛད་སྒོ་རྒྱས་པ་གནང་མེད་པ་རེད། ཁྲི་སྟོན་རྒྱས་པའི་དུས་ཚེས་གཏན་འཁེལ་བྱུང་མེད་པ་དང་། མ་འོངས་པར་ཡང་སྲིད་རིན་པོ་ཆེ་མཆོག་གི་གདན་ས་བལ་ཡུལ་རྫ་རོང་ཐུབ་བསྟན་སྨིན་སྒྲོལ་མདོ་སྔགས་ཆོས་གླིང་དུ་ཁྲི་སྟོན་རྒྱས་པ་གནང་རྒྱུའི་འཆར་གཞི་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

སྔ་འགྱུར་རྙིང་མའི་དབུ་འཛིན་ལྔ་པ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་བསྟན་འཛིན་ཆོས་ཀྱི་བློ་གྲོས་མཆོག་ནི། ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༢༥ ཉིན་བལ་ཡུལ་མཆོད་རྟེན་ཉེ་འགྲམ་དུ། ཡབ་ཆོས་གླིང་སྤྲུལ་སྐུ་ངག་དབང་ཆོས་དཔལ་རྒྱ་མཚོ་ལགས་དང་། ཡུམ་ཚེ་དབང་སྒྲོལ་མ་ལགས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྫ་རོང་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མཛད། དེའི་རྗེས་ཕྱི་ལོ་ ༢༠༡༥ བོད་ཟླ་ ༦ ཚེས་ ༤ ཆོས་འཁོར་དུས་ཆེན་ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡང་སྲིད་རིན་པོ་ཆེ་མཆོག་གི་དབུ་སྐྲ་གཙུག་ཕུད་བཞེས་པ་དང་། མཚན་ལ་བསྟན་འཛིན་ཆོས་ཀྱི་བློ་གྲོས་ཞེས་གསོལ་བ་རེད། ཡང་སྲིད་རིན་པོ་ཆེ་མཆོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་༧སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་དང་། ༧སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ། གྲུབ་དབང་སངས་རྒྱས་གཉན་པ་རིན་པོ་ཆེ། ༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་ལ་སོགས་པའི་དྲུང་ནས་དབང་ལུང་མན་ངག་རྣམས་ཞུ་མུས་ཐོག འཕགས་ཡུལ་འོག་མིན་ཨྱོན་སྨིན་གྲོལ་གླིང་དུ་སློབ་གཉེར་གནང་བཞིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།