རྒྱ་ནག་གཞུང་གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ ༢༧ ལ་མིང་གསར་པ་བཏགས་ཏེ་བདག་དབང་ཡོད་ཚུལ་བསྟན་པ་དེར་རྒྱ་གར་གྱིས་རྒོལ་གཏམ་བསྒྲགས།

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་དམངས་སྲིད་ལྷན་ཁང་ (Ministry of Civil Affairs) གིས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་གི་མིང་གཞུང་ཐེངས་ལྔ་པ་ཟེར་བ་ཞིག་ཕྱིར་བསྒྲགས་བྱས་ཏེ། མངའ་སྡེ་དེའི་སྡོད་མང་ཁུལ་ ༥ དང་། རི་བོ་ ༡༩། རྒྱུག་ཆུ་ ༣ བཅས་ལ་མིང་གསར་པ་ ༢༧ བཏགས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༧ ནས་བཟུང་ད་བར་ཨ་རུ་ན་ཅལ་གྱི་རི་ཆུ་ནགས་གསུམ་དང་སྡོད་མང་ཁུལ་ ༨༩ ལ་མིང་གསར་པ་བཏགས་ནས་བདག་དབང་ཡོད་ཚུལ་བསྟན་ཡོད་པ་རེད།
གནད་དོན་དེའི་ཐད་ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ཅིག་ལ་མིང་གསར་པ་བཏགས་ནས་བདག་དབང་ཡོད་ཚུལ་བསྟན་པར་ངོ་རྒོལ་ཡོད། ང་ཚོའི་གཞི་རྩའི་ལངས་ཕྱོགས་དང་མཐུན་པར། ཐབས་ཤེས་དེ་རིགས་ལ་ངོས་ལེན་མེད། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་མངའ་སྡེ་ཞིག་ཡིན་པས། ས་ཁུལ་ཁག་ཅིག་ལ་མིང་གསར་པ་བཏགས་པ་ཙམ་གྱིས་འགྱུར་བ་གཏན་ནས་གཏོང་མི་ཐུབ། ཅེས་སྐྱོན་བརྗོད་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅེན་ (Lin Jian) གྱིས། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་ཁག་ཅིག་ལ་ཚད་ལྡན་གྱི་མིང་བཏགས་ཡོད། དེ་ནི་རྒྱ་ནག་གཞུང་གི་མངའ་ཁོངས་རང་ཆགས་ཡོད་པ་རེད། ཅེས་བསྐྱར་བཤད་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁུལ་ཁག་ཅིག་ལ་ཁ་གསབ་ཀྱི་རྒྱུན་སྤྱོད་མིང་གཞུང་ཟེར་བ་ཞིག་ཕྱིར་བསྒྲགས་བྱས་པ་དེའི་ནང་དུ། ལུ་གུ་ཐང་དང་། གདོང་དམར། ལ་སྨད། ལུང་ཟུར། སྟེང་འཁན་ཆུ་འཛོམས་བཅས་སྡོད་མང་ཁུལ་ ༣། ལུང་བཟང་ལ་དང་། གངས་མེད་གཡང་ལ། སྙིང་གཟུགས་རི། ལུག་མགོ་གངས་རི། ཐང་ཆེན་སྒང་། སྨུག་པ་རི། གང་འདོད་རི། དཀར་ཡོལ་རི། སྙིང་མཚོ་རི། བཀྲ་ཤིས་ལ། དབུ་ལ། གདོང་སྐྱ་ལ། མདུང་མདའ་ལ། མཚོ་ཁ་ལ། ཁམ་བུ་ལ། སྐར་མ་རི། ལུང་ཕུ་ལ། རི་མཐོ་པོ། མཐོ་ཉི་གདོང་རི་བཅས་རི་བོ་ ༡༩། དེ་བཞིན་གུ་ཡངས་ཆུ་དང་། ནོར་བུ་གཡུ་མཚོ། མཁའ་འགྲོ་རི་ཆུ་བཅས་རྒྱུག་ཆུ་ ༣ ལ་མིང་གསར་པ་བཏགས་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བོད་ཀྱི་མཐའ་འབྲེལ་རྒྱལ་ཁབ་ཁག་ལ་མཐའ་མཚམས་ཀྱི་རྩོད་རྙོག་སློང་བཞིན་ཡོད་པ་ལྟར། རྒྱ་ནག་གིས་འདས་ལོའི་ཕྱི་ཟླ་ ༣ པའི་ནང་ཨ་རུ་ན་ཅལ་ཁུལ་གྱི་རི་ཆུ་དང་སྡོད་མང་ཁུལ་ཁྱོན་ ༣༠ ལ་མིང་གསར་པ་བཏགས་ཡོད་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་ ༤ པའི་ནང་མངའ་སྡེ་དེའི་རི་ཆུ་དང་སྡོད་མང་ཁུལ་ཁྱོན་ ༢༦ ལ་མིང་གསར་པ་བཏགས། ཡང་ཕྱི་ལོ་ ༢༠༡༧ ཟླ་ ༤ པའི་ནང་མངའ་སྡེ་དེའི་ནང་གི་ཨོ་རྒྱན་གླིང་དང་མི་ལ་རི། མཆོད་རྟེན་དཀར་པོ་རི། སྨན་ཆུ་ཁ། པུས་མོའི་ལ། ནམ་མཁའ་ཕུབ་རི་བཅས་ས་ཁུལ་ ༦ ལ་མིང་གསར་པ་བཏགས་ཏེ་རྒྱ་ནག་གི་མངའ་ཁོངས་ཡིན་ལུགས་ཀྱི་དྲིལ་བསྒྲགས་བྱས་ཡོད་པ་མ་ཟད། གྷོ་གྷུལ་ (Google) སོགས་སུའང་ནང་འཇུག་བྱས་ཡོད་པར་བརྟེན། རྒྱ་གར་གཞུང་གིས་ངོས་ལེན་རྩ་བ་ཉིད་ནས་མེད་པའི་རྒོལ་གཏམ་བསྒྲགས་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།