༄༅།། ཉིན་ཤས་གོང་དུ་མཁས་དབང་ཨཙྰརྱ་ཀརྨ་སྨོན་ལམ་ལགས་སྐུ་གཤེགས་པའི་གནས་ཚུལ་ཐོས་པས་དེ་མ་ཐག ཁོང་སྐུ་གཤེགས་པར་མྱ་ངན་མཚོན་ཆེད་དུ་ལོ་རྒྱུས་ཀྱི་དྲན་གསོ་དང་འབྲེལ་བའི་ཚིག་འགའ་ཤས་བྲི་འདོད་ཀྱང། ཕྱོགས་འགྲུལ་ཞིག་གི་སྐབས་དང་འཁེལ་བས་ལག་ལེན་དུ་འཁེལ་བ་མ་བྱུང་། ཁོ་བོ་ཞིང་གཤེགས་དམ་པ་ཨཙཱ་རྱ་ཀརྨ་སྨོན་ལམ་ལགས་དང་དམིགས་བསལ་རྒྱུས་མངའ་དང་འདྲིས་གཤིབ་ཆེན་པོ་ཡོད་མཁན་ཞིག་མིན་ཡང་། ཁོང་དང་ལྷན་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་བགྲོ་གླེང་ཚོགས་འདུ་འགའ་ཤས་ཐོག་མཉམ་ཞུགས་བྱས་མྱོང་བས། ཁོང་གི་ཐུགས་གཤིས་དང་། གསུང་བཤད་གནང་སྟངས། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེན་པོ་ཡིན་པ་བཅས་སྔོན་མ་ནས་གང་འཚམས་ཤེས་རྟོགས་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ཤིན་ཏུ་ཉག་ཕྲ་བའི་ལོ་རྒྱུས་ཀྱི་དུས་སྐབས་འདི་འདྲ་ལ་སྐུ་ཚེ་ཧྲིལ་པོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཆེད་དུ་བཏང་བའི་མི་རྒན་ཁོང་རྣམས་ནི། བོད་མི་རིགས་ཀྱི་ཚེ་སྲོག་སྐྱོབ་པའི་དཔུང་སྡེ་ངར་མ་ཞིག་ཡིན་པ་ང་ཚོས་ཚོར་དགོས་ལ། ང་ཚོ་ཕྱི་ཐག་རིང་བའི་མི་རིགས་ཤིག་ཡིན་ན་ཁོང་རྣམ་པའི་བཀའ་དྲིན་དང་མཛད་རྗེས་ནམ་ཡང་དྲན་ཡུལ་ནས་བརྗེད་མི་རུང་། གཤམ་གྱི་ཡིག་ཕྲེང་འདི་དག་ཀྱང་ཁོང་གི་མཚན་ཙམ་ཡང་ལོ་རྒྱུས་ཐོག་གནས་ཐུབ་ན་བསམ་པའི་ཀུན་སློང་གིས་བྲིས་པ་ཡིན།
སྤྱིར་ལོ་མང་པོའི་གོང་ནས་ཨཙཱ་རྱ་ཀརྨ་སྨོན་ལམ་ལགས་ཞལ་ཚོར་གྱི་ཡོད་ཀྱང་། ཁོང་ལ་དམིགས་བསལ་དོ་སྣང་བྱུང་བ་ནི། ཕྱི་ལོ་ ༢༠༡༠ ལོར་བོད་གཞུང་མང་གི་ལྔ་བཅུའི་དུས་དྲན་གྱི་ཆ་ཤས་སུ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གིས་རྩོམ་སྒྲིག་དང་དཔར་འགྲེམས་བྱས་པ་དཔེ་དེབ་བརྒྱ་ལོན་པའི་དུས་དྲན་གྱི་མཛད་སྒོ་དང་བསྟུན་རིག་གཞུང་བགྲོ་གླེང་དང་། ཆེད་རྩོམ་ཕྱོགས་བསྒྲིགས་བཅས་ཀྱི་ལས་གཞི་སྣ་མང་བརྩམས་པའི་སྐབས། ཁོ་བོ་ཨཙཱ་རྱ་ཀརྨ་སྨོན་ལམ་གྱི་ལས་ཁུངས་ལ་ཕྱིན་ཏེ་ཁོང་ལ་རྩོམ་སྐུལ་ཞུས་པའི་གནས་ཚུལ་ཞིག་ད་ལྟ་ཡང་གསལ་པོ་དྲན་གྱི་འདུག ཕྱིས་སུ་ཁོང་གི་རྩོམ་ཡིག་འབྱོར་བའི་སྐབས་ཡིག་སྐོགས་རྙིང་པ་ཁ་གཤགས་པའི་ནང་ངོས་སུ་ཞ་སྨྱུག་གིས་བྲིས་པ་ཞིག་འདུག སྐབས་དེར་ངའི་བསམ་པར་གུས་ཞབས་མེད་པ་ལྟ་བུའི་གནང་སྟངས་ཡ་མཚར་ཅན་ཞིག་ཏུ་མཐོང་། འོན་ཀྱང་ཕྱིས་སུ་སྐུ་ཞབས་ཆུང་ཚེ་རིང་ལགས་ཡིན་ནམ་ངས་ནང་ཚགས་ཀྱིས་གླེང་མོལ་ཞུ་ཆོག་ས་ཞིག་ལ་དེའི་སྐོར་བཤད་པའི་སྐབས། ཁོང་རྒྱུན་དུ་བསྲི་ཚགས་ཆེན་པོ་གནང་མཁན་ཞིག་ཡིན་པས། ཡི་གེ་འབྲི་བའི་སྐབས་ཡིག་སྐོགས་རྙིང་པ་དང་གཞན་གྱིས་བེད་སྤྱོད་ཟིན་པའི་ཤོག་བུའི་རྒྱབ་ངོས་སོགས་སུ་འབྲི་བའི་གཤིས་ཀ་ཡོད་མཁན་ཞིག་ཡིན་པ་གསལ་བཤད་བྱུང་བ་ན། ངས་ཐོག་མ་ཡ་མཚར་ཅན་དང་གུས་ཞབས་མེད་པ་ལྟ་བུའི་མཐོང་ཚུལ་ལ་འགྱུར་བ་བྱུང་བར་མ་ཟད། རིམ་གྱིས་ཁོང་ལ་རྒྱུས་མངའ་ཕྲན་བུ་བྱུང་བའི་སྐབས་དོན་མེད་རྒྱས་སྤྲོས་མི་གནང་བའི་ཁོང་གི་གཤིས་ཀ་དང་མཛད་སྤྱོད་གཉིས་ཀ་ང་ཚོའི་མིག་དཔེར་ལྟ་འོས་པ་ཞིག་ཏུ་མཐོང་།
ལོ་ཁམས་གསལ་པོ་མི་དྲན་ཡང་ངམ་རིང་བློ་བཟང་བསྟན་དར་གྱིས་རྩོམ་སྒྲིག་བྱས་པ་<<བོད་ཀྱི་ཚིག་མཛོད་ཆེན་མོ་>>ཞེས་བྱ་བ་སྟོད་ཆ་དང་སྨད་ཆ་ཅན་ཞིག་ཤེས་རིག་ལས་ཁུངས་ནས་པར་སྐྲུན་གནང་བཞིན་འདུག་པར་བརྟེན། ཉིན་ཞིག་ཞིང་གཤེགས་དམ་པ་ཁོང་གིས་ཕྱག་ཏུ་ཚིག་མཛོད་ཆེན་མོ་དེ་གཉིས་བསྣམས་ནས་ཕྲན་གྱི་སར་ཕེབས་ཏེ། “ཚིག་མཛོད་འདི་ཤེས་རིག་ལས་ཁུངས་ནས་པར་སྐྲུན་བྱ་རྒྱུའི་ལས་རིམ་འགྲོ་བཞིན་ཡོད། བྱུང་ན་ཡོངས་རྫོགས་དང་མ་བྱུང་ན་ཆ་ཤས་ཤིག་ལ་ཞུས་དག་བྱེད་རོགས།” ཞེས་གསུང་བྱུང་ཡང་། སྐབས་དེར་ང་རང་ལས་ཀའི་བྲེལ་བ་ཆེ་བའི་སྒང་ཡིན་པས། “རྒན་ལགས། དགོངས་པ་མ་ཚོམས། ཡོངས་རྫོགས་ལྟ་ཞོག་ཆ་ཤས་ཙམ་ཡང་ཞུས་དག་ཡོང་ས་མ་རེད། ང་ལས་ཀ་བྲེལ་བ་ཆེ་བའི་སྒང་ཡིན་”ཞུས་པར། ང་ལ་ཐད་ཀར། “མ་བྱུང་ན་མ་བྱུང་། ཁྱོད་མ་གཏོགས་གཞན་ལ་བཤད་ས་མེད་པ་དེ་འདྲ་ཡང་མ་རེད།” ཅེས་མ་མཉེས་པའི་རྣམ་འགྱུར་དང་བཅས་ཕེབས་སོང་བར་བརྟེན། ངའི་སེམས་ལ་འགྲིག་མ་སོང་སྙམ་པའི་ཚོར་བ་མ་བདེ་བ་ཞིག་བྱུང་བ་ད་ལྟ་ཡང་གསལ་པོ་དྲན་གྱི་འདུག འོན་ཀྱང་ཉིན་ཤས་རྗེས་ཁོང་དང་མཇལ་འཕྲད་བྱུང་བའི་སྐབས། དགོངས་པ་ཚོམས་པའི་རྣམ་འགྱུར་དེ་འདྲ་གང་ཡང་མེད་པར་རྒྱུན་ལྡན་ལྟར་བཀའ་མོལ་ལྷོད་པོ་གནང་གི་འདུག་པས། ཁོང་ཐུགས་ལ་མ་བབས་པ་ཁ་ཐུག་ལ་གསུང་མཁན་ཞིག་མ་གཏོགས་སེམས་པར་ཉར་མཁན་རེད་མི་འདུག་སྙམ་པ་བྱུང་།
ཡང་། ཕྱི་ལོ་ ༢༠༡༠ ལོའི་ལོ་འགོ་ཞིག་ལ་ཕྲན་རང་ཉིད་ཀྱི་ཞིབ་འཇུག་ཆེད་རྩོམ་<<བོད་ཀྱི་ཤེས་ཡོན་ལམ་ལུགས་དང་སྲིད་བྱུས་>>ཞེས་བྱ་བའི་རགས་ཟིན་དང་པོའི་ཐོག་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་མཁས་པའི་ཚོགས་འདུ་ཞིག་བསྐོངས་པའི་སྐབས། ཨཙཱ་རྱ་ཀརྨ་སྨོན་ལམ་གདན་ཞུས་ལྟར་ཕེབས་པར་མ་ཟད། ལྷག་བསམ་དང་ཤ་ཚ་ཆེན་པོས་གནད་ཐོག་མང་པོའི་ཐོག་དགོངས་ཚུལ་ལྷུག་པོོ་གསུང་བྱུང་བ་ད་ལྟར་ཡང་གསལ་པོ་དྲན་གྱི་འདུག་ལ། ཁོང་གིས་ལྷག་བསམ་དག་པའི་དགོངས་ཚུལ་དེ་དག་ཕན་ཐོགས་དང་བཀའ་དྲིན་ཆེན་པོར་ཚོར་གྱི་ཡོད།
ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༨ པའི་ནང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་སྟེ། <<བཙན་བྱོལ་ནང་གི་བོད་ཀྱི་ད་ལྟའི་རིག་གཞུང་གནས་བབས་དང་མ་འོངས་ལམ་སྟོན།>> ཞེས་པའི་བརྗོད་གཞིའི་ཐོག་དམིགས་བསལ་ཚོགས་འདུ་བསྐོངས་པའི་ཐོག་ཕྲན་མགྲོན་འབོད་ལྟར་བཅར་བའི་སྐབས་ཨཙཱ་རྱ་ཀརྨ་སྨོན་ལམ་ཕེབས་འདུག་ཀྱང་། ཁོང་གིས་བརྗོད་གཞིའི་ཐོག་གསུང་བཤད་གནད་བསྡུས་ཤིག་མ་གཏོགས་གནང་མ་སོང་ལ། ང་ཚོ་ལྷན་ཚོགས་ཆུང་ཟུར་དུ་ཚོགས་ནས་གྲོས་བསྡུར་བྱེད་པའི་སྐབས་སུ་ཡང་ཁོང་གིས་ཀུ་རེའི་ཚིག་འགའ་ཤས་མ་གཏོགས། བརྗོད་གཞིའི་ཐོག་གནད་ཕུག་ནས་བཀའ་མོལ་གནང་མ་བྱུང་། ངའི་མཐོང་སྣང་ལ་སྐབས་དེར་ཁོང་སྐུ་གཟུགས་ཕྲན་བུ་སྐྱོ་བོ་འདུག་པར་མ་ཟད། བགྲེས་ཉམས་ཀྱང་སྔར་ལས་ཆེ་བར་མངོན་པའི་ཚོར་སྣང་བྱུང་། གསོལ་ཇའི་བར་གསེང་དུ་རྒན་ཁོང་དང་བཀའ་མོལ་བྱུང་སྐབས། བགྲེས་ཡོལ་དུ་ཕེབས་པའི་རྗེས་ཐང་སྟོང་གླུ་གར་ཚོགས་པའི་ཁང་མིག་ཅིག་ཏུ་བཞུགས་ཡོད་ལུགས་གསུངས་པ་ཙམ་ལས། གཞན་པ་བཀའ་མོལ་ཞིབ་ཚགས་མ་བྱུང་ལ། དེ་ནི་རྒན་ཁོང་དང་མཇལ་ཐེངས་མཐའ་མ་དེར་གྱུར་འདུག
ཁོང་གི་བརྩམས་ཆོས་དང་བསྒྱུར་རྩོམ་སྐོར་རྒན་ནཱ་ག་སངས་རྒྱས་བསྟན་དར་ལགས་ཀྱིས་འཚམས་སྦྱོར་གནང་འདུག་པ་ལྟར་ན། དབྱིན་བོད་ཚིག་མཛོད་གསར་མ་དང་། ཧིནྡཱིའི་སྐད་ཡིག་ནང་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྤྱོད་འཇུག་འགྲེལ་པ། ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དེབ་ཕྲེང་དང་པོ་ནས་དགུ་པ་བར། སྒྲ་སྒྱུར་ལག་དེབ། བོད་ཀྱི་གནས་བབས་བོད་འགྱུར་བཅས་བཞུགས་འདུག་པ་བཅས།
ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༦ ཚེས་ ༢༡ ཉིན།
རེ་མདོ་སེངྒེ་ནས།