ཨ་ཕ་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པའི་རྟིང་རྩོད་འགྲན་སྡུར་ཁྲོད་རྡོ་རྗེ་གླིང་གཡག་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ཏེ་རྒྱལ་ཁ་ཐོབ་སོང་།

ཕྱི་ཟླ་ ༦ ཚེས་ ༡༦ ནས་ ༣༠ བར་ཉིན་གྲངས་བཅོ་ལྔའི་རིང་རྒྱ་གར་བྱང་ཤར་འབྲས་ལྗོངས་སྒང་ཏོག་གི་དཔལ་འབྱོར་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ། ཨ་ཕ་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ་བྱས་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༣༠ ཉིན་བལ་ཡུལ་སྤྲོ་སྐྱིད་རུ་ཁག་དང་རྡོ་རྗེ་གླིང་གཡག་རུ་ཁག་གཉིས་བར་མཐའ་མའི་རྟིང་རྩོད་འགྲན་སྡུར་བྱས་པའི་ཁྲོད། རྡོ་རྗེ་གླིང་གཡག་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་འདི་ལོའི་ཨ་ཕ་གསེར་གྱི་བུམ་པ་བཀྱགས་སོང་།
འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གོ་རིམ་ཁྲོད། བལ་ཡུལ་སྤྲོ་སྐྱིད་རུ་ཁག་གི་རྩེད་མོ་བ་པ་སངས་ཚེ་རིང་ལགས་ལ་ལོ་ ༦༦ བརྒལ་བའི་རྩེད་མོ་བ་རྒན་ཤོས་ཀྱི་བྱ་དགའ་དང་། བལ་ཡུལ་སྤྲོ་སྐྱིད་རུ་ཁག་གི་རུ་དཔོན་རྩེད་མོ་བ་བཀྲ་ཤིས་དོན་གྲུབ་ལགས་སུ་རྩེད་འགྲན་པ་ལེགས་ཤོས། རྡོ་རྗེ་གླིང་རུ་ཁག་གི་སྒོ་ར་བ་དོན་གྲུབ་ལགས་སུ་སྒོ་ར་བ་ཡག་ཤོས། དེ་བཞིན་སྤོན་ཊ་ཆོལ་གསུམ་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་རུ་ཁག་བཅས་ཀྱི་བྱ་དགའ་ཐོབ་སོང་།
པཱ་ལགས་རྐང་རྩེད་སྤོ་ལོའི་ཚོགས་པ་ (All Pala Football Association) ཡིས་འདི་ལོའི་རྒྱལ་སྤྱིའི་ཨ་ཕའི་ཉིན་མོ་སྟེ་ཕྱི་ཟླ་ ༦ ཚེས་ ༡༦ ཉིན་རྩེད་འགྲན་ཐེངས་གཉིས་པ་དེ་དགུང་ལོ་ ༤༠ བརྒལ་བའི་སྐྱེས་པ་རྣམས་ཀྱི་ཆེད་དུ། ཨ་ཕའི་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་ཚོགས་འཚོགས་ཡོད་ཅིང་། འདི་ལོའི་རྩེད་འགྲན་ནང་རྒྱ་གར་དང་བལ་ཡུལ་ནས་ཡིན་པའི་དགུང་ལོ་ ༤༠ བརྒལ་བ་ཁྱོན་རུ་ཁག་ ༢༠ སྟེ། དྷ་རམ་ས་ལ་དང་། དོན་གྲུབ་གླིང་། བདེ་སྐྱིད་གླིང་། མོན་གྷོ་འདོད་རྒུ་གླིང། ལྡི་ལི་བསམ་ཡས་གླིང་། རྡོ་རྗེ་གླིང་། འདོད་རྒུ་གཡུ་རྒྱལ་གླིང་། མེའོ་ཆོས་འཕེལ་གླིང་། སྤོན་ཊ་ཆོལ་གསུམ། ཀོ་ལི་གྷལ་དོན་ལྡན་གླིང་། ཤི་ལོང་། སྦེལ་ཀོབ་བདེ་སླར། ཧོན་སུར། ར་ཝང་ལ། ཀ་ལིམ་པོང། སྒང་ཏོག་གི་རུ་ཁག་གཉིས། བལ་ཡུལ་སྤྲོ་སྐྱིད་རུ་ཁག ཧྥ་རན་སི་རུ་ཁག བྱང་ཨ་རིའི་རུ་ཁག་བཅས་འདུག
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཁོངས་སུ་གྲགས་ཆེ་བའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་རྐང་སྤོལ་འགྲན་ཚོགས་དང་། བོད་ཀྱི་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་སོགས་རྐང་སྤོལ་དང་སིལ་སྤོལ་གྱི་རྩེད་འགྲན་ཁག་ཅིག་ཡོད་ཅིང་། འདས་ལོ་ནས་པཱ་ལགས་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཞེས་པ་འདི་ཡང་གསར་དུ་མགོ་འཛུགས་གནང་ཡོད་ཅིང་། རྐང་སྤོལ་རྩེད་འགྲན་ནི་བོད་ཀྱི་སྤྱི་ཚོགས་ནང་གི་ལོ་ ༤༠ བརྒལ་བའི་མི་རབས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུར་དམིགས་ནས་འཚོགས་ཀྱི་ཡོད་པ་དང་། ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་ཉིན་མོར་རྩེད་འགྲན་འཚོག་འཆར་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༦ ཚེས་ ༡༦ ནས་ ༢༩ བར་ཉིན་གྲངས་བཅུ་བཞིའི་རིང་ལྡེ་ར་རྡུན་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་ཀྱི་རྐང་རྩེད་སྤོ་ལོའི་རྩེད་ཐང་དུ། ཨ་ཕ་གསེར་གྱི་བུམ་པའི་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་འཚོགས་ཏེ། རྩེད་འགྲན་ནང་རྒྱ་གར་དང་བལ་ཡུལ་ནས་ཡིན་པའི་དགུང་ལོ་ ༤༠ བརྒལ་བ་ཁྱོན་རུ་ཁག་ ༡༤ མཉམ་ཞུགས་གནང་ཡོད་པ་དང་། བལ་ཡུལ་སྤྲོ་སྐྱིད་རུ་ཁག་དང་ཨོ་ཌི་ཤ་པོ་ཏཱ་ལ་རུ་ཁག་གཉིས་བར་མཐའ་མའི་རྟིང་རྩོད་འགྲན་སྡུར་བྱས་པའི་ཁྲོད། ཨོ་ཌི་ཤ་པོ་ཏཱ་ལ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་འདི་ལོའི་ཨ་ཕ་གསེར་གྱི་བུམ་པ་བཀྱགས་འདུག
དེ་བཞིན་འདས་ལོའི་ཨ་ཕ་རྐང་སྤོལ་རྩེད་འགྲན་གྱི་གོ་རིམ་ཁྲོད། རྩེད་མོ་བ་ཀརྨ་དངོས་གྲུབ་ལགས་ལ་ལོ་ ༦༤ བརྒལ་བའི་རྩེད་མོ་བ་རྒན་ཤོས་ཀྱི་བྱ་དགའ་དང་། ཨོ་ཌི་ཤ་པོ་ཏཱ་ལ་རུ་ཁག་གི་རུ་དཔོན་རྩེད་མོ་བ་བུ་ཆུང་ལགས་སུ་རྩེད་འགྲན་པ་ལེགས་ཤོས། བལ་ཡུལ་སྤྲོ་སྐྱིད་རུ་ཁག་གི་སྒོ་ར་བ་རྒྱལ་པོ་ལགས་སུ་སྒོ་ར་བ་ཡག་ཤོས། དེ་བཞིན་དྷ་རམ་ས་ལའི་རུ་ཁག་ལ་བཟང་སྤྱོད་ཡག་ཤོས་ཀྱི་རུ་ཁག་བཅས་ཀྱི་བྱ་དགའ་ཐོབ་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། བསྟན་འཛིན་ཕུར་བུ།