བོད་ཀྱི་ན་གཞོན་གླུ་བ་ཨ་སངས་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་བདུན་ཕྲག་གཉིས་ལྷག་འགྲོ་བཞིན་འདུག

འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་སྔོན་༧་སྐུའི་གོ་སྟོན་དང་བསྟུན་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག་དང་དོགས་ཟོན་སྔར་ལྷག་ཤུགས་ཆེན་བྱས་ཡོད་པ་མ་ཟད། མགོ་ལོག་སོགས་ནས་མི་ཁག་ཅིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་བཞིན་ཡོད་ལ། བདུན་ཕྲག་གཉིས་ཙམ་གྱི་གོང་དུ་བོད་རྔ་བ་རྫོང་ནས་ཡིན་པའི་ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་ཁོང་གི་གནས་སྟངས་གསལ་ཁ་གང་ཡང་མེད་པ་ཆགས་འདུག
འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རྒྱ་ནག་གཞུང་གིས་གོ་སྟོན་དམ་དྲག་བྱེད་མུས་ཡིན་པའི་སྐབས་སུ། གླུ་བ་ཨ་སངས་དང་ཁོང་གི་རོགས་པ་གཉིས་ཀྱིས་ལོ་ཤས་གོང་དུ་གཞས་པ་གཞན་གྱིས་བླངས་བའི་གླུ་གཞས་(ཞི་བདེའི་རྒྱལ་སྲས)ཞེས་པ་བསྐྱར་དུ་བླངས་བའི་རྐྱེན་གྱིས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་སྐོར་དང་། ཁོང་གི་ནང་མི་རྣམས་ཀྱིས་སེམས་འཚབ་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།
འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། ན་གཞོན་གླུ་བ་ཨ་སངས་ལགས་ཀྱིས་མི་རིགས་ཀྱི་ལ་རྒྱ་དང་། རྒྱལ་ཞེན། ཆོས་རིག་སྲུང་སྐྱོབ་བྱ་དགོས་པ་དང་འབྲེལ་བའི་གླུ་གཞས་མང་པོ་ཞིག་བླངས་ཡོད་སྟབས། དུས་རྒྱུན་རྒྱ་ནག་གཞུང་གིས་ཁོང་གི་འགྲོ་འདུག་ལ་སོ་མྱུལ་བྱེད་ཀྱིན་ཡོད་པའི་ཁར། ཁོང་གི་གཉེན་སྟོན་གྱི་སྐབས་སུ་རྒྱ་ནག་གཞུང་གིས་ཚོད་འཛིན་དང་དམ་དྲག་ཆེན་པོ་བྱས་ཡོད་འདུག་ལ། འདི་ལོའི་རྔ་ཡུལ་ཀིརྟི་དགོན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས། ཁོང་གིས་མགོར་བོད་ཅེས་བྲིས་ནས་མི་ཚོགས་ཀྱི་ཁྲོད་སྟོབས་ཀྱིས་འགྱིངས་ཡོད་སྟབས། དྲ་ལམ་ནས་ཁོང་ལ་དགའ་བསུ་བྱེད་མཁན་མང་པོ་ཞིག་བྱུང་ཡོད་འདུག་ལ། ཁོང་ནི་ནམ་རྒྱུན་ནས་ཁོང་གི་དགེ་རྒན་དགེ་བྷེ་བཞིན་མི་རིགས་ལ་ཤ་ཞེན་དང་། རེ་བ་དང་ཡིད་ཆེས་ཡོད་སའི་ན་གཞོན་གླུ་བ་ཞིག་དང་། དྲ་ལམ་ནས་ཚོང་ལས་གཉེར་མཁན་ཞིག་ཀྱང་ཡིན་འདུག
ཉེ་ཆར་ཁོང་དང་རོགས་པ་གཉིས་ཀྱིས་བསྐྱར་ལེན་བྱས་པའི་གླུ་གཞས་ཞི་བདེའི་རྒྱལ་སྲས་ཞེས་པ་དེའི་ནང་དུ། ལང་ཚོ་ཨ་མདོ་ནས་འཁྲུངས་ཤིང་།། ཞབས་བརྗེ་དབུས་གཙང་ལ་བཀོད་པ།། མཛད་འཕྲིན་འཕགས་ཡུལ་ནས་རྒྱས་པའི།། ཞི་བདེའི་རྒྱལ་སྲས་ཁྱེད་དྲན་ཀི། གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ།། སྟག་གཟིག་ཝ་སྲམ་གྱི་ཤོམ་ལྭ།། ཆོས་ལྡན་མི་རིགས་འདིར་མི་མཛའ།། གསུངས་པའི་བཀའ་སློབ་ཀྱང་དྲན་ཀི།། ཁྱེད་ནི་མགོ་ཐོག་གི་ཉི་མ།། ཁྱེད་ནི་སེམས་ནང་གི་ཕ་མ།། ཁྱེད་ནི་བྱམས་ལྡན་གྱི་བླ་མ།། ཁྱེད་ཉིད་བརྗེད་ཐབས་ཤིག་མི་འདུག། ཅེས་པའི་གླུ་གཞས་དེ་བོད་ཕྱི་ནང་གཉིས་སུ་ཤུགས་ཆེན་ཁྱབ་ཡོད་པ་རེད།
གཙུག་ཏེའམ་དྲ་མིང་ལ་ཨ་སངས་སུ་འབོད་པའི་ན་གཞོན་གླུ་བ་ཁོང་ནི་བོད་རྔ་བ་སྟག་མོ་རྫོང་བར་མ་ཡུལ་ཚོའི་ཀ་ཤུལ་རུ་ཁག་བཞི་པའི་ནག་ཚང་ཚང་གི་བུ་ཡིན་ཞིང་། ཁོང་དང་བཟའ་ཟླ་ལྷ་མོ་གཉིས་ལ་རང་ལོ་གཅིག་ལྷག་ཡིན་པའི་བུ་གཅིག་དང་། མངལ་དུ་ཡོད་པའི་ཕྲུ་གུ་གཞན་ཞིག་སྐྱེས་གྲབས་ཡོད་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་པ། པདྨ་མཚོ།