ཀང་ར་རྫོང་དཔོན་ལགས་ཀྱིས་ལམ་བཟོ་སྡེ་ཚན་ལ་རྗོ་གྷི་ཝ་རའི་གཞུང་ལམ་བསྐྱར་གསོའི་ལས་ཀ་མགྱོགས་པོར་མགོ་བཙུགས་དགོས་པའི་བཀའ་མངགས་གནང་ཟིན་ཡོད་ཀྱང་ཆར་ཤུགས་ཆེ་བའི་རྐྱེན་གྱིས་གནས་སྐབས་རིང་སླར་གསོ་གནང་ཁག་པོ་ཆགས་འདུག
མེག་ལོར་འགྲོ་ལམ་དུ་རྡིབ་སྐྱོན་མང་པོ་བྱུང་འདུག པར་དུས་བབ་ཀྱིས་བསྒྲིགས།
ཟླ་འདིའི་ཕྱི་ཚེས་ ༡༤ ཙམ་ནས་བཟུང་དྷ་ཤོད་ནས་མེག་ལོར་འགྲོ་ལམ་གཙོ་བོ་རྗོ་གྷི་ཝ་རར་(Jogiwara)རྡིབ་སྐྱོན་བྱུང་སྟེ་རྐང་ལམ་ཙམ་ལས་ལྷག་མེད་ཀྱང་སྦག་སྦག་གཏོང་མཁན་མང་པོ་ཨུ་ཚུགས་བརྒྱབ་ནས་ཕྱིན་ཡོད་ཀྱང་། དེ་རིང་ཕྱི་ཚེས་ ༢༠ ཉིན་གྱི་ཞོགས་པར་རྐང་ལམ་ཙམ་ཡོད་པ་དེའང་བརྡིབས་ནས་འགྲོ་ལམ་རྦད་དེ་འགགས་འདུག་པས། དྷ་ཤོད་ནས་མེག་ལོར་འགྲོ་མཁན་ཚོ་དུར་ཁྲོད་ལམ་བརྒྱུད་ནས་འགྲོ་དགོས་ཀྱི་འདུག
འདི་ལོར་ཆར་དུས་བསླེབས་སྔ་བ་དང་ཆར་ཤུགས་ཆེ་བའི་རྐྱེན་གྱིས་གངས་སྐྱིད་ནས་མེག་ལོར་བར་གྱི་རྗོ་གྷི་ཝ་ར་ལམ་གྱི་ཁུག་སོ་གསུམ་ལྷག་ལ་རྡིབ་སྐྱོན་བྱུང་བ་དང་། རྗོ་གྷི་ཝ་ར་ལམ་གྱི་རྟག་བརྟན་ཁང་གསར་གྱི་ཐོག་ཁའི་རི་ངོས་སུའང་ས་རུད་བྱུང་འདུག
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་ཁ་པར་བརྒྱུད་འདི་ག་གསར་ཁང་ལ། སྤྱིར་ཆར་ཞོད་ཀྱི་རྐྱེན་གྱིས་ཧི་མ་ཅལ་མངའ་སྡེའི་ནང་རང་བྱུང་གོད་ཆག་མང་པོ་འབྱུང་མུས་ཡིན་ལ། ལྷག་པར་དུ་དྷ་སའི་ནམ་རྒྱུན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཆིབས་འཁོར་ཡར་མར་ཕེབས་ས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ཡུལ་མི། བོད་མི་རྣམས་ཡར་མར་འགྲོ་ས་སྟེ། མེག་ལོར་ནས་དྷ་ཤོད་དུ་འགྲོ་བའི་ལམ་བརྡིབས་ནས་འཕྲོ་བརླག་ཕྱིན་པའི་གནས་སྟངས་ཆགས་ཡོད་རེད། དེ་སྔ་གཞུང་ལམ་དེ་འཕྲོ་བརླག་མ་འགྲོ་གོང་ནས་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་ལ་སྙན་གསེང་ཞུས་མྱོང་ལ། ཉེ་ལམ་གཞུང་ལམ་དེ་བརྡིབས་པའི་ཉིན་དེ་ག་རང་ནས་ཀང་ར་རྫོང་གི་རྫོང་དཔོན་དང་། ལམ་བཟོ་སྡེ་ཚན་ལ་ཡིག་ཐོག་ནས་སྙན་གསེང་ཞུས་ཡོད་པས། ཀང་ར་རྫོང་དཔོན་ལགས་ཀྱི་ལམ་བཟོ་སྡེ་ཚན་ལའང་གཞུང་ལམ་བསྐྱར་གསོའི་ལས་ཀ་མགོ་བཙུགས་དགོས་པའི་བཀའ་ཕེབས་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས། སྤྱིར་རྒྱ་གར་གྱི་ས་གནས་གང་དུ་གཞུང་ལམ་སོགས་བརྡིབས་པའི་དོན་རྐྱེན་རིགས་བྱུང་སྐབས། ཡར་ཐོན་ཅན་གྱི་རྒྱལ་ཁབ་ནང་བཞིན་ལམ་སེང་བསྐྱར་གསོ་བྱ་རྒྱུའི་མཐུན་རྐྱེན་མེད་པ་ནི་ཚང་མས་མཁྱེན་གསལ་ཡིན་ནའང་། དྷ་ས་གནས་མགོ་འཛིན་ངོས་ནས་ཡང་ནས་ཡང་དུ་དྷ་སའི་གོད་ཆག་ཐེབས་པའི་གཞུང་ལམ་དག་བསྐྱར་གསོ་དང་མཇུག་སྐྱོང་གི་ལས་དོན་ཐད་བཀའ་འདྲི་ཞུ་མུས་ཡིན། ད་ལྟར་རྗོ་གྷི་ཝ་རའི་གཞུང་ལམ་དེ་འདས་པའི་ཉམས་མྱོང་དང་གནས་སྟངས་ལ་བལྟས་ན། ཉིན་ཁ་ཤས་དང་ཟླ་ཤས་རིང་ཏན་ཏན་བཟོ་ཐུབ་ཀྱི་རེད་སེམས་ཀྱིན་མི་འདུག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གང་མགྱོགས་བཞུགས་སྒར་དུ་ཞབས་སོར་འཁོད་གནང་མཛད་གྲབས་ཡོད་སྟབས། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གཞུང་ལམ་རིང་བ་ནས་ཆིབས་བསྒྱུར་གནང་རྒྱུ་མ་གཏོགས་ཐབས་ལམ་དམིགས་བསལ་མི་འདུག་པས། དྷ་ས་ས་གནས་མགོ་འཛིན་གྱིས་དུས་ནས་དུས་སུ་ལམ་ཁ་རིང་པོ་དེར་དོ་སྣང་བྱེད་མུས་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཀང་རཱ་རྫོང་གི་འགྲིམ་འགྲུལ་ལས་ཁུངས་ཀྱིས་དེ་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དྷ་ཤོད་ནས་རྒྱང་སྐོར་གྱིས་མེག་ལོར་བགྲོད་པའི་ལམ་བར་ས་རུད་དང་རི་ཉིལ་གྱི་དོན་རྐྱེན་བྱུང་རྐྱེན། སྤྱི་དམངས་ཀྱི་བདེ་འཇགས་དང་འགྲིམ་འགྲུལ་གྱི་དོན་རྐྱེན་རིགས་མི་འབྱུང་སླད། དོ་སྐྱེལ་རླངས་འཁོར་དང་། སྤྱི་སྤྱོད་རླངས་འཁོར་སོགས་ཚུད་པའི་རླངས་འཁོར་ཆེ་བའི་རིགས་བགྲོད་མི་ཆོག་པའི་བཀའ་རྒྱ་བསྒྲགས་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།