བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཕུགས་རྒྱང་རིང་པོའི་ཐོག་ནས་བོད་པའི་གཞིས་ཆགས་ཚགས་ཚུད་བཟོ་ཐུབ་ཚེ་བོད་པའི་འཐབ་རྩོད་མུ་མཐུད་གནས་ཐུབ་པའི་རྨང་གཞི་ཆགས་ཐུབ་སྐོར་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་གི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༠ ཉིན་སྲིད་སྐྱོང་མཆོག་བཀྲ་ཤིས་ལྗོངས་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་བྱུང་སྟེ། ཁམས་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དགོན་དང་ཁམས་སྒར་དཔལ་ཕུན་ཚོགས་ཆོས་འཁོར་གླིང་དགོན་པ། གཞིས་ཆགས་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་སུ་གཟིགས་ཞིབ་གནང་ཡོད་འདུག
ས་གནས་སེར་སྐྱ་མི་མང་ལ་གསུང་བཤད་གནང་སྐབས་སྲིད་སྐྱོང་མཆོག་གིས། བོད་ཆོལ་ཁ་གསུམ་གྱི་མི་རྣམས་བཙན་བྱོལ་དུ་གྱར་དགོས་དོན་ཆབ་སྲིད་ཀྱི་གནད་འགག་ཐོག་ནས་བྱུང་བ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་འགྲོ་བཞིན་ཡོད། དེ་གཏན་ལ་ཕབ་པའི་སྲིད་ཇུས་རེད། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་ལོ་མང་པོའི་རིང་གནས་སྟངས་མང་པོའི་ཐོག་ནས་ཞིབ་འཇུག་གནང་སྟེ་དབུ་མའི་ལམ་གྱི་སྲིད་ཇུས་ཕེབས་པ་རེད། དེ་ལ་དགོས་པ་དང་རྒྱུ་མཚན་མང་པོ་ཡོད་པ་རེད། དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ཡོད་པའི་ཁྲོད་ཀྱི་གཅིག་ནི་དབུ་མའི་ལམ་གྱི་སྲིད་ཇུས་དེ། བོད་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་སྐྱིད་ན་སྐྱིད་མཉམ་དང་སྡུག་ན་སྡུག་མཉམ་གྱི་དགོངས་པ་བཞེས་ཏེ་གནང་ཡོད་པ་ཞིག་ཆགས་ཡོད། དེའི་རྒྱུ་མཚན་ང་ཚོས་ཤེས་དགོས་ཀྱི་འདུག དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གྲོས་མགོ་བཏོན་ཡོད་པ་དང་། མི་མང་མང་ཤོས་ཀྱིས་རྒྱབ་སྐྱོར་བྱས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་ཤིག་ཡིན་དུས། སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འགྱུར་བ་བཏང་ཆོག་ཆོག་ཡོད་པ་མ་རེད། མ་འོངས་པར་འགྱུར་བ་གཏོང་དགོས་ཚེ་བཅའ་ཁྲིམས་ཀྱི་ངོ་བོའི་ཐོག་ནས་མང་མོས་འོས་བསྡུ་བྱས་ཏེ་འགྱུར་བ་གཏོང་དགོས། དེ་ནི་བོད་མི་ཡོངས་ལ་འབྲེལ་བ་ཡོད་པའི་སྲིད་ཇུས་ཤིག་ཆགས་ཡོད། འགྱུར་བ་མ་འགྲོ་བར་དུ་དབུ་མའི་ལམ་གྱི་སྲིད་ཇུས་ལ་བློ་སེམས་གཅིག་ཏུ་སྒྲིལ་ནས་དོན་དག་བསྒྲུབ་པའི་ཐེབས་ཤེས་བྱ་དགོས་པ་རེད། སྲིད་ཇུས་དེ་བསྒྲུབ་པའི་ཐབས་ལམ་སྲིད་སྐྱོང་སུ་བསླེབས་ཀྱང་གནས་སྟངས་ལ་བལྟས་ཏེ་མ་འོངས་པའི་ཐོག་གོམ་པ་རྒྱག་དགོས་པ་རེད། ད་ལྟ་བར་དུ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་ང་ཚོས་གང་དུ་སོང་ཡང་སྙོབ་ས་ཅིག་ཡོད་པ་རེད། དེ་མིན་ལངས་ཕྱོགས་གཞན་ཞིག་བཤད་ཚེ་ཕྱི་ཕྱོགས་སུ་འབྲེལ་ལམ་གྱི་སྙོབ་ཐུབ་མིན་སོགས་ཀྱི་གནས་སྟངས་འབྱུང་སྲིད། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ང་ཚོས་ཡུན་རིང་པོར་འབྲེལ་བ་མ་བྱས་པར་ལྷག་པའི་གནས་སྟངས་བྱུང་ཡོད། ང་ཚོས་རྒྱུ་མཚན་གྱི་ཐོག་བསམ་བློ་གཏོང་རྒྱུ་མ་གཏོགས་ཚོར་བ་གཅིག་པོས་དངོས་ཡོད་གནས་ཚུལ་དང་མཐུན་པ་ཡོང་ཐུབ་ཁག་པོ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ནས་བཤད་དུས་ང་ཚོས་རྒྱ་ནག་ལ་སྐད་ཆ་མ་བཤད་པར་འགྲོ་ས་མེད། རང་བཙན་རྩོད་མཁན་ཡིན་ཡང་རྒྱ་ནག་དང་དམག་འཐབ་ནས་རང་བཙན་རྩོད་རྒྱུ་ཡོད་པ་མ་རེད། རྒྱ་ནག་དང་མཉམ་དུ་སྐད་ཆ་བཤད་དེ་ཐབས་ཤིག་ཞིག་མ་ཐོན་བར་དུ། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་གིས་ང་ཚོའི་མཉམ་དུ་སྐད་ཆ་བཤད་པའི་རྒྱབ་སྐྱོར་འཚོལ་དགོས། ཞེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས་། བཙན་བྱོལ་བོད་མིའི་སྤྱི་ཚོགས་སྲ་བརྟན་ཡོང་ཆེད་མ་འོངས་བར་ཕུགས་རྒྱང་རིང་པོའི་ཐོག་གཞིས་ཆགས་ཁག་ཚགས་ཚུད་བཟོ་ཐུབ་ཚེ། བོད་པའི་འཐབ་རྩོད་མུ་མཐུད་གནས་ཐུབ་པའི་རྨང་གཞི་རུབ་སྡོད་གཞིས་ཆགས་ནས་ཆགས་ཡོང་གི་འདུག ད་ལྟ་བར་དུ་བཙན་བྱོལ་དུ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་པ་དེ་རུབ་སྡོད་གཞིས་ཆགས་ལ་བརྟེན་ནས་བྱུང་བ་རེད། ཅེས་སོགས་གསུངས་སོང་།
དེའི་རྗེས་སྲིད་སྐྱོང་མཆོག་གིས་ཅཱོན་ཏ་རཱ་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་༧སྐྱབས་རྗེ་སི་ཏུ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། དཔལ་སྤུངས་ཤེས་རབ་གླིང་དང་རྫོང་སར་བཤད་གྲྭ་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་སུ་མཆོད་མཇལ་ཞུས་ཡོད་པ་དང་། ས་གནས་ཀྱི་སློབ་གྲྭ་དང་ལས་ཁུངས་ཁག་བཅས་སུ་གཟིགས་ཞིབ་གནང་།
དེ་བཞིན་ཅཱོན་ཏ་རཱ་བོད་ཁྱིམ་གྱི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་སྐབས་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ས་ཁམས་ཆབ་སྲིད་ཐོག་བོད་མཐོ་སྒང་གི་གལ་གནད་དང་། བོད་ཀྱི་རྒྱུག་ཆུ་དག་གིས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ནང་ཤུགས་རྐྱེན་ཐེབས་ཡོད་པའི་སྐོར། བོད་རྒྱའི་དཀའ་རྙོག་སོགས་ཀྱི་ཐོག་དྲི་བར་ལན་འདེབས་གནང་ཡོད་འདུག
མཛད་རིམ་ལྟར་ན། སྲིད་སྐྱོང་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༩ བར་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་ཁྱབ་ཁོངས་ས་གནས་བཀྲ་ཤིས་ལྗོངས་དང་། སྦིར་ཅོན་ཏ་ར། སྡེ་དགེ བོད་ཚོགས། ལི་ལི་གྲོང་སྡེ། མཚོ་པདྨ། མན་ཌི། སྤོན་ཊོ། ཀུལླུ་མ་ནཱ་ལཱི། དྷ་ས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།