རྒྱ་ནག་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་ཨང་གཉིས་པ་ཡིན་རུང་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེ་བའི་རྡོ་སོལ་སྔོག་འདོན་དང་དུག་རླངས་ཕྱིར་གཏོང་བྱེད་མཁན་ཆེ་ཤོས་ཆགས་ཡོད་སྐོར་ཐེར་འདོན་བྱས་འདུག

དེ་རིང་ཕྱི་ཚེས་ ༢༥ ཉིན་ནུས་ཤུགས་དང་མཁའ་རླུང་གཙང་མའི་ཞིབ་འཇུག་ལྟེ་གནས་ཁང་ (Centre for Research on Energy and Clean Air) དང་འཛམ་གླིང་གི་ནུས་ཁུངས་ལྟ་ཞིབ་ཁང་ (Global Energy Monitor) གིས་ཕྱི་ལོ་ ༢༠༢༥ ལོའི་ལོ་སྟོད་དུ་བསྐྱར་ཞིབ་བྱས་པ་བརྒྱུད་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་ནག་གཞུང་གིས་དུག་རླངས་ནག་རྫས་ཉུང་དུ་གཏོང་རྒྱུའི་འཆར་གཞི་ཡོད་ཀྱང་། མ་འོངས་ལོ་ལྔའི་ནང་རྡོ་སོལ་ནུས་པ་ཧ་ཅང་ཚད་མཐོ་རུ་གཏོང་བའི་འཆར་གཞི་བསྒྲིགས་ཡོད་པ་ཐེར་འདོན་བྱས་འདུག
འཛམ་གླིང་གི་ནུས་ཁུངས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཁི་རི་སི་ཊ་ཡེན་ (Christine Shearer) ལགས་ཀྱིས། རྒྱ་ནག་ནང་རྡོ་སོལ་གྱི་གློག་ཤུགས་འཕེལ་རྒྱས་གཏོང་བ་དེ་བློ་བདེ་བོ་ཡོང་རེ་གང་ཡང་མེད་ལ། མཐོ་སྒང་དུ་འབག་བཙོག་མང་བ་ཕྱིར་གཏོང་དང་། ལོ་མང་པོའི་རིང་ལ་རྡོ་སོལ་གྱི་ལས་གཞི་མུ་མཐུད་དུ་འཆར་འགོད་བྱས་ཡོད་སྐོར་བརྗོད་འདུག
དེ་ཡང་སྙན་ཐོའི་ནང་། རྒྱ་ནག་གིས་འདི་ལོའི་ལོ་ཕྱེད་ནང་རྡོ་སོལ་གྱི་གློག་ཤུགས་ ༢༡ (GW) བེད་སྤྱོད་བྱས་ཡོད་འདུག་ལ། དེ་ནི་ཕྱི་ལོ་ ༢༠༡༦ ནས་བཟུང་ལོ་ཕྱེད་བསྡོམས་འབོར་མཐོ་ཤོས་དེ་ཡིན་པ་རེད། ད་ལྟ་རྒྱ་ནག་གིས་ཀྱང་ལྷོ་ཀོ་རི་ཡའི་རྡོ་སོལ་གྱི་གློག་ཤུགས་བསྡོམས་འབོར་དང་མཚུངས་པའི་རྡོ་སོལ་ལས་གཞིའི་གློག་ཤུགས་བསྡོམས་འབོར་ ༤༦ (GW) འཛུགས་སྐྲུན་བྱེད་པའི་མགོ་བཙུགས། དེ་བཞིན་གློག་ཤུགས་ ༧༥ (GW) ཡོད་པའི་རྡོ་སོལ་ལས་གཞི་ཞིག་ཀྱང་མགོ་འཛུགས་བྱས་ཡོད་པར་བརྟེན། ཕྱི་ལོ་ ༢༠༣༠ ལོར་རྒྱ་ནག་གི་ནག་རྫས་གཏོང་ཚད་མཐོ་ཤོས་སུ་བསླེབ་ཉེན་ཡོད་སྐོར་དང་། རྒྱ་ནག་ནང་རྡོ་སོལ་གྱི་བཀོལ་སྤྱོད་ཉུང་དུ་གཏོང་བའི་ཐབས་ཇུས་གཅིག་གྱུར་ཞིག་མེད་པ་ཐེར་འདོན་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མ་འོངས་ལོ་ལྔའི་འཆར་གཞི་བཟོས་པའི་རྡོ་སོལ་ནུས་ཤུགས་ལ་སྟངས་འཛིན་དང་དོ་དམ་བྱེད་ཐབས་ཁ་གསལ་དང་། མཉམ་འབྲེལ་གྱི་ས་ཁྲ་མཁོ་སྤྲོད་དགོས་སྐོར་བཀོད་འདུག
ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས། ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་རྡོ་སོལ་གྱི་གློག་ནུས་ལས་གཞི་དང་རྡོ་སོལ་འཛད་སྤྱོད་འཕར་ཚད་ལ་ཚོད་འཛིན་ནན་པོ་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཚུལ་བསྒྲགས་ཡོད་ཀྱང་། ཕྱི་ལོ་ ༢༠༢༥ ལོའི་ལོ་ཕྱེད་ནང་རྡོ་སོལ་གྱི་གློག་ཤུགས་ ༡ (GW) ཙམ་ལས་ཆག་མེད་པས་ ༢༠༢༠ ནས་ད་ལོའི་ལོ་མཇུག་བར་གློག་ཤུགས་ ༣༠ (GW) ཆག་རྒྱུའི་དམིགས་ཚད་ལས་ཧ་ཅང་རིང་བ་དང་། མ་འོངས་པའི་ཟླ་ཤས་ནང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༢༦ ནས་ ༢༠༣༠ བར་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་ཞིབ་ཕྲའི་གནས་ཚུལ་གསལ་བསྒྲགས་བྱ་རྒྱུ་ཡིན་པ་དང་། དེའི་ནང་འབག་བཙོག་དང་ནུས་ཁུངས་ཀྱི་དམིགས་ཚད་གསར་པ་ཁྱབ་བསྒྲགས་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག
སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་ནང་ས་དཔྱད་རིག་པ་བ་མང་པོ་བོད་ཁུལ་གྱི་ས་ཆ་གང་སར་ཆེད་གཏོང་གིས། རང་བྱུང་གཏེར་རྫས་རིགས་འབོར་ཆེན་སྔོག་འདོན་བྱས་ཏེ་རྒྱ་ནག་ནང་དབོར་འདྲེན་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ས་གནས་སྲིད་གཞུང་གི་དཔོན་རིགས་དང་སྒེར་གཉེར་གཏེར་ལས་བ་ངན་འབྲེལ་བྱས་ཏེ། ཡིག་ཆ་རྫུན་བཟོ་བྱས་ཏེ་བོད་ཁུལ་གྱི་གཏེར་ཁ་འབོར་ཆེན་ལོ་ངོ་བཅུ་ཕྲག་འགར་སྔོག་འདོན་གྱིས་ཚོང་ལས་ཤུགས་ཆེན་གཉེར་ཡོད་པ་རེད དེ་ཡང་། ཕྱི་ལོ་ ༢༠༡༨ ལོའི་ལོ་མཇུག་ཏུ་བོད་ཕྱི་ནང་གཉིས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ།
རྒྱ་ནག་ནི་འཛམ་གླིང་ཐོག་རྡོ་སོལ་ནུས་པར་བརྟེན་མཁན་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། བོད་མཐོ་སྒང་ནས་རྡོ་སོལ་གཏེར་ཁུངས་ཆེ་ཤོས་གཅིག་ནི་མཚོ་སྔོན་ཞིང་ཆེན་བོང་སྟག་མུ་རུའི་རྩྭ་ཐང་གི་གཏེར་ཁུངས་ཡིན་ལ། འདས་པའི་མི་ལོ་ ༤༠ ལྷག་གི་རིང་རྒྱ་ནག་གི་རྡོ་སོལ་ཁེ་ལས་ཁང་ཁག་ཅིག་གིས་ལག་བརྒྱུད་ཀྱིས་གཞུང་ཡིག་རྫུན་མ་ཞིག་བེད་སྤྱད་དེ། རྡོ་སོལ་གཏེར་ཁུངས་དེ་ནས་རྡོ་སོལ་ཏུན་ཁྲི་ ༢༥༠༠ ལྷག་སྔོག་འདོན་བྱས་ཏེ་རྒྱ་སྒོར་དུང་ཕྱུར་ ༡༠༠ ལྷག་གི་ཁེ་བཟང་བླངས་ཡོད་པ་དང་། རྩྭ་ཆུ་འཛོམས་པའི་འབྲོག་པའི་རྩྭ་ཐང་དེར་བོད་ཀྱི་རྒྱལ་ས་ལྷ་སའི་རྒྱ་ཁྱོན་དང་མཚུངས་བའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༤༦ ལྷག་བསྔོགས་ཏེ་ཡུལ་དེའི་སྣོད་བཅུད་གཉིས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ་ཡོངས་གྲགས་ཆགས་ཡོད་པ་རེད། ཕྱི་ལོ་ ༢༠༡༦ ལོར་མཚོ་སྔོན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས་ཞིབ་བཤེར་བྱས་པ་བརྒྱུད་མཚོ་སྔོན་ཚོང་དོན་ཐིན་གྱི་ཡིག་ཆ་ཨང་ ༢༩༦ ཅེས་པ་དེ་ཡིག་ཆ་རྫུན་མ་ཞིག་ཡིན་པ་ཐེར་འདོན་བྱས་ཏེ་ཚོང་དོན་ཐིན་གྱིས་ཡིག་ཆ་དེ་ཕྱིར་འཐེན་བྱས་ཡོད་ཀྱང་། གནས་ཚུལ་གྱི་བྱུང་རིམ་གསལ་པོར་འགྲེལ་བཤད་བྱས་མེད་པ་མ་ཟད། རྡོ་སོལ་གྱི་གཏེར་ཁ་མུ་མཐུད་དུ་བརྐོ་ཡི་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།