རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་འཕགས་བོད་མཐའ་མཚམས་ཀྱི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་དུ་རྒྱ་གར་གཞུང་གིས་མི་ལོ་ ༢༠ ཙམ་རིང་འཆར་འགོད་གནང་བའི་གློག་འདོན་ཆུ་རགས་ཆེ་ཤོས་ཤིག་གསར་རྒྱག་གནང་རྒྱུ་ཡིན་འདུག
Representative Image
ཉེ་སྔོན་རྒྱ་གར་དབུས་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སུ་བྷན་སི་རུ་སྟེང་མ་(Upper Subansiri district) རྫོང་ཁུལ་གྱི་ཡར་ཀླུང་གཙང་པོའི་ཆུ་རྒྱུན་གྱི་སུ་བྷན་སི་རི་གཙང་པོར་རྒྱ་གར་རྒྱལ་ཡོངས་ཀྱི་གློག་འདོན་ཆུ་རགས་ཆེ་ཤོས་ཤིག་གསར་རྒྱག་བྱེད་པར་བཀའ་འཁྲོལ་གནང་ཡོད་འདུག ཆུ་མཛོད་གསར་བའི་མཐོ་ཚད་ལ་སྨི་ཊིར་ ༡༠༠ ལྷག་དང་། གློག་ཤུགས་མེ་བྷ་ཝ་ཊི་(megawatts) ༢༢༢༠ ལྷག་ཡོད་ཅིང་། གློག་འདོན་ཆུ་རགས་དེ་ནི་འཕགས་བོད་མཐའ་མཚམས་ཀྱི་རྒྱ་གར་གྱི་གློག་འདོན་ཆུ་རགས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་གར་གྱི་ཁོར་ཡུག་བློན་ཆེན་ལས་ཁུངས་ཀྱི་ཆེད་མཁས་རྟོག་ཞིབ་ཚོགས་ཆུང་(Environment Ministry’s Expert Appraisal Committee) གིས་ཞིབ་འཇུག་བྱས་པ་བརྒྱུད། གློག་འདོན་ཆུ་རགས་དེའི་ཆེད་ཉུང་མཐར་ཧིན་སྒོར་ས་ཡ་ ༢༤༩༤༢ ལྷག་གི་འགྲོ་གྲོན་གཏང་དགོས་ཀྱང་། ལོ་གཅིག་གི་ནང་གློག་གི་ཤུགས་ཚད་ས་ཡ་ ༨༤༠༢ མཁོ་འདོན་བྱ་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག འཛུགས་སྐྲུན་ལས་གཞི་དེའི་ཆེད་དུ་ཤིང་ནགས་ཕོན་ཆེན་གཅོད་བྲེག་བྱ་དགོས་པ་མ་ཟད། ཁུལ་དེར་གནས་སྡོད་དུད་ཚང་ ༩ གནས་སྤོར་བྱ་དགོས་ཉེན་ཡོད་འདུག
སྤྱིར་ན་མི་ལོ ༢༠ ཙམ་གྱི་གོང་ནས་རྒྱ་གར་གཞུང་གིས་ཆུ་མཛོད་དེ་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་འདུག་ལ། ལས་གཞི་དེའི་ཁོངས་སུ་སྨི་ཊིར་ ༡༠༠ ཙམ་གྱི་མཐོ་ཚད་ཡོད་པའི་ཨ་འདམ་(concrete gravity) གྱི་ཆུ་རགས་དང་། སྤྱི་ལེ་ ༡༤ ལྷག་ཙམ་གྱི་རིང་ཚད་ཡོད་པའི་མགོ་མཇུག་མཐུད་པའི་ཕུག་ལམ་དང་ས་འོག་གི་གློག་ཁང་བཅས་ཚུད་ཡོད་འདུག ཕྱི་ཟླ་ ༨ པའི་ནང་རྒྱ་གར་གྱི་ཨར་ལས་འཆར་འགོད་ཆེད་མཁས་པ་སོགས་ཀྱིས་ཁུལ་དེར་ཆུ་ལོག་སྔོན་འགོག་གི་བརྟག་དཔྱད་མ་ལག་སོགས་ཀྱང་བཞག་ཡོད་པ་མ་ཟད། ཆུ་མཛོད་གསར་རྒྱག་ཟིན་རྗེས་ཀྱི་མི་ལོ་ལྔའི་ནང་ཁུལ་དེའི་རང་བྱུང་ཁོར་ཡུག་གི་འགྱུར་ལྡོག་སོགས་ལའང་ཉམས་ཞིབ་ཀྱིས། ཁུལ་དེའི་སྐྱེས་ཁམས་ཁོར་ཡུག་ལའང་བདག་གཅེས་དང་ཉར་ཚགས་ནན་པོ་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག
ད་ལན་གྱི་ཆུ་རགས་གསར་རྒྱག་གི་ལས་གཞི་དེ་དང་འབྲེལ་ནས་རྒྱ་གར་ནང་བསམ་ཚུལ་འདྲ་མིན་མང་པོ་ཡོང་གི་ཡོད་པའི་ཁྲོད། ཁག་ཅིག་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེས་ད་ལྟ་སྐྱེས་ཁམས་ཁོར་ཡུག་གི་གནས་བབ་ཤིན་ཏུ་བཟང་པའི་ཡུལ་དེའི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཤུགས་ཆེན་ཐེབས་རྒྱུ་དང་། ཉ་པ་སོགས་ཚུད་པའི་ཡུལ་མིའི་འཚོ་གནས་ལ་དོ་ཕོག་ཆེན་པོ་འགྲོ་རྒྱུ་ཡིན་སྐོར་དང་། ཡང་ཁག་ཅིག་གིས་ཆུ་མཛོད་དེའི་ཡུལ་དེར་གློག་གི་མཐུན་རྐྱེན་ཚད་ལྡན་སྦྱོར་སྤྲོད་དང་། ལྷག་པར་དུ་ལོ་ལྟར་རྒྱ་གར་གྱི་ཨ་སམ་མངའ་སྡེ་དང་བྷང་ལ་དྷེ་ཤི་སོགས་སུ་ཆུ་ལོག་གི་གནོན་འཚེ་ཇེ་ཆུང་དུ་འགྲོ་ངེས་ཡིན་སྐོར་སོགས་བརྗོད་ཀྱི་ཡོད་འདུག
པར་འགྲེལ།ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་དེ་གསར་རྒྱག་གི་མཛད་སྒོ། གསར་ལམ་གྱི་པར། ༢༠༢༥།༧།༢༠
རྒྱ་ནག་གཞུང་གིས་བོད་ནས་རྒྱ་གར་དུ་བཞུར་བའི་གཙང་པོ་དག་ལ་ཆུ་རགས་གསར་རྒྱག་གི་ལས་གཞི་ཤུགས་ཆེན་སྤེལ་མུས་ཡིན་པ་ལྟར། ཕྱི་ལོ་ ༡༩༩༨ དང་། ༢༠༠༧། ༢༠༡༣། ༢༠༡༥། ༢༠༡༩། ༢༠༢༠ བཅས་སུ་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་ཆུ་རགས་བདུན་གསར་རྒྱག་བྱས་ཟིན་ཡོད། དེ་བཞིན་འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢༠ ཉིན་རྒྱ་ནག་གི་སྲིད་བློན་ལི་ཆང་ ( Li Qiang ) ཟེར་བ་བོད་མེ་ཏོག་རྫོང་དུ་ཡོང་སྟེ། རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་ ༡༦༧།༨ ཀྱི་འགྲོ་གྲོན་བཏང་ནས་མེ་ཏོག་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་གསར་རྒྱག་གི་ལས་གཞི་དེ་ལག་བསྟར་དངོས་སུ་མགོ་བཙུགས་པའི་མཛད་སྒོ་འཚོགས་ཡོད་ཅིང་། གློག་འདོན་ཆུ་རགས་དེ་འབྲི་ཆུའི་འགག་གསུམ་གློག་འདོན་ས་ཚིགས་ལས་ཀྱང་ཆེ་བའི་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཨང་དང་པོར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། བོད་ནས་རྒྱ་གར་དང་། བྷང་གྷ་ལར་བཞུར་བའི་གཙང་པོ་དེ་ནི་ཉུང་མཐར་ཡང་མི་གྲངས་ས་ཡ་ ༤༠༠ ལྷག་གི་འཚོ་རྟེན་དུ་གྱུར་ཡོད་སྟབས། གཙང་པོའི་བཞུར་རྒྱུན་དུ་གནས་བའི་རྒྱ་གར་དང་བྷ་ལ་དྷེ་ཤི་སོགས་ཀྱིས་རྒྱ་ནག་གཞུང་གི་ཆུ་རགས་འཛུགས་སྐྲུན་གྱི་ལས་གཞི་དེར་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད།
ཡར་ཀླུང་གཙང་པོ་ནི་བོད་ནས་རྒྱ་གར་ནང་བསླེབས་རྗེས་བྷར་མ་བྷུ་ཏ་ར་ཞེས་འབོད་ཅིང་། རྒྱ་གར་གྱི་གཙང་པོ་རིང་ཤོས་གཉིས་པ་དང་། འཛམ་གླིང་གི་ཆེས་རིང་བའི་རྒྱུག་ཆུ་དགུ་པ་དེ་ཡིན་པ་རེད། གཙང་པོ་དེ་བོད་ནས་རྒྱ་གར་བྱང་ཤར་ཁུལ་གྱི་ཨ་རུ་ན་ཅལ་མངའ་སྡེ་དང་། ཨ་སམ། ན་གྷ་ལེན་ཌི། ནུབ་བྷེང་གྷལ། འབྲས་ལྗོངས། མེ་གྷ་ལ་ཡ་ (Meghalaya) སོགས་སུ་སྤྱི་ལེ་ ༩༡༦ ལྷག་བཞུར་ནས་བྷང་ལ་དྷེ་ཤི་ནང་རྒྱུག་སྟེ་མཐར་མཐའ་ཡས་རྒྱ་མཚོར་འདྲིས་ཀྱི་ཡོད་པ་རེད། གཙང་པོ་དེ་ནི་རྒྱ་གར་གྱི་ཚོང་དོན་དང་དཔལ་འབྱོར། ཞིང་ལས་ཐོན་སྐྱེད་ཀྱི་སྲོག་རྩ་ལྟ་བུར་གྱུར་ཞིང་། ཨ་རུ་ན་ཅལ་གྱི་ཆུ་རྒྱུད་དུ་ཆུ་རགས་ཆེ་ཤོས་དྷི་བྷང་ཆུ་རགས་(Dibang Dam) ལ་ཝ་ཊི་ ༣༠༠༠ དང་། རཱང་གྷ་ནཱ་ཌི་ཆུ་རགས་(rangnanadi Dam) ལ་ཝ་ཊི་༤༠༥། སུ་བྷན་སི་རི་ཆུ་རགས་(Subansiri Dam) ཝ་ཊི་ ༢༠༠༠། སི་ཡེང་གོང་མའི་གཙང་པོའི་ཆུ་རགས་(Upper Siang Dam ) ལ་ཝ་ཊི་ ༡༡༠༠༠ བཅས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།