དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་ཚེ་རིང་གཡུ་སྒྲོན་ལགས་དང་སྣང་ས་ཆོས་སྒྲོན་ལགས་གཉིས་ཀྱིས་འོས་བསྡུའི་ལས་འཕར་འགན་འཛིན་གྱི་ལས་ཁུར་དམ་འབུལ་ཞུས་སོང་།

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པའི་ཉིན་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་དུ་བདམས་ཐོན་དབུས་འོས་བསྡུའི་ལས་ཁང་གི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་། སྣང་ས་ཆོས་སྒྲོན་ལགས་རྣམ་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གཙོ་བྱས་པའི་དབུས་འོས་བསྡུ་ལས་ཁང་གི་ལས་བྱེད་རྣམས་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་སྐུ་ཚབ་བཅས་འཛོམས་འདུག
འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་། སྣང་ས་ཆོས་སྒྲོན་ལགས་གཉིས། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་མཐའ་མའི་སྟེང་། འོས་བསྡུ་བྱས་པ་བརྒྱུད་ཚེ་རིང་གཡུ་སྒྲོན་ལགས་སུ་འོས་གྲངས་ ༣༠ དང་། སྣང་ས་ཆོས་སྒྲོན་ལགས་སུ་འོས་གྲངས་ ༣༢ བཅས་ཐོབ་སྟེ་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་ལས་འཕར་དུ་བདམས་ཐོན་བྱུང་།
འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་གྱིས་ ༡༩༨༣ ནས་ ༡༩༩༡ བར་ལོ་ངོ་དགུ་ཙམ་གྱི་རིང་ (MYRADA PLAN) མཱ་ར་ཌ་རོགས་ཚོགས་ལས་ཁང་ནང་ལོ་གསུམ་དྲུང་ཡིག་གི་ལས་འགན་དང༌། ལོ་གསུམ་ལས་འཆར་འགན་འཛིན། ལོ་གསུམ་རིང་གློག་ཀླད་དང༌། སྦྱིན་བདག་འབྲེལ་མཐུད་སྡེ་ཚན་བཅས་སུ་ཞབས་འདེགས་ཞུས། ༡༩༩༢ ནས་ ༢༠༠༡ བར་ཧུན་སུར་རབ་རྒྱས་གླིང་གཞིས་ལས་ཁང་དུ་ལས་འཆར་སྡེ་ཚན་གྱི་འགན་འཛིན་ (PROJECT OFFICER ) ལོ་ངོ་དགུ་ཙམ་ཞུས། ཕྱི་ལོ་ ༡༩༩༡ ནས་ ༡༩༩༤ བར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང༌། དེའི་རྗེས་སླར་ཡང་ ༡༩༩༨ ནས་ ༢༠༠༥ བར་སྐབས་གཉིས་བསྟུད་མར་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མིའི་ཞབས་ཞུ་བྱས། སྐབས་དེ་དག་ཏུ་ ༡༩༩༥ ནས་ ༡༩༩༧ བར་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོའི་ལས་འཁུར་ལོ་གསུམ་ཞུས། ཕྱི་ལོ་ ༢༠༠༠ ནས་ ༢༠༠༢ བར་ས་གནས་ཕ་མའི་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཆབས་ཅིག་ཏུ་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཀྱི་དངུལ་གཉེར་དང༌། ཕྱི་ལོ་ ༢༠༠༤ ཟླ་ ༦ པ་ནས་ས་གནས་གཞོན་ནུའི་ཚོགས་གཞོན་གྱི་ལས་འགན་ཞུས་ཏེ། ཞབས་ཞུ་སྐབས་སོ་སོར་འཆར་འཕར་གྱི་ལས་འགུལ་མང་རབ་ཅིག་སྤེལ་རྩོམ་ཞུས་ཏེ་གྲུབ་འབྲས་ཀྱང་གང་ལེགས་ཐོན་ཡོད། ཕྱི་ལོ་ ༢༠༠༥ ཟླ་ ༤ པ་ནས་ཧུན་སུར་རབ་རྒྱས་གླིང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་སུ་མི་མང་གི་འོས་ཤོག་འཕངས་ཏེ། དེའི་ཚོགས་གཙོར་འདེམས་ཐོན་བྱུང་ནས་ཞབས་ཞུ་བྱས། ༢༠༠༦ ཟླ་ ༦ པ་ནས་སྐབས་ ༡༤ པའི་མདོ་སྨད་ཆོལ་ཁའི་ཐོབ་ཁོངས་སུ་བོད་མི་མང་སྤྱི་འཐུས་ལ་འོས་འདེམས་བྱུང་བ་དང་སྐབས་ ༡༥ པའི་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད།
འོས་བསྡུའི་འགན་འཛིན་ལས་འཕར་སྣང་ས་ཆོས་སྒྲོན་ལགས་ཕྱི་ལོ་ ༡༩༥༤ ལོར་སྟོད་སྐྱིད་གྲོང་རྫོང་དུ་སྐྱེས་ཤིང་། དགུང་ལོ་ ༤ ཙམ་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ཏེ་མ་སུ་རི་གཏན་སློབ་ཏུ་གཞི་རིམ་སློབ་གཉེར་གནང་། དེའི་རྗེས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་པན་ཇེབ་གཙུག་ལག་སློབ་ཆེན་ནས་རིག་གནས་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༧༧ ལོར་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ནང་འཛུལ་ཞུགས་ཀྱིས་ཕྱི་ལོ་ ༡༩༩༠ བར་ས་གནས་གཞིས་ཆགས་ཁག་ཅིག་ཏུ་རྩིས་པ་ལས་དྲུང་དང་། ཕྱི་ལོ་ ༡༩༩༠ ནས་ ༡༩༩༢ བར་སྦིར་གཞིས་མགོ ཕྱི་ལོ་ ༡༩༩༢ ནས་ ༢༠༠༤ བར་ཤེས་རིག་ལས་ཁུངས་ཀྱི་སྡེ་ཚན་འདྲ་མིན་གྱི་འགན་འཛིན་གནང་མྱོང་ཞིང་། ཕྱི་ལོ་ ༡༩༩༧ ནས་ ༡༩༩༩ བར་ཨ་རིའི་མངའ་སྡེ་ཁ་ལའི་ཧྥོ་ནེ་ཡའི་ (The Monterey Institute of International Studies) མཐོ་སློབ་ཏུ་རྒྱལ་སྤྱིའི་སྤྱི་ཚོགས་འཛིན་སྐྱོང་ལས་རིགས་ཐོག་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༢༠༠༤ ནས་ ༢༠༡༤ བར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་དང་། ཕྱི་ལོ་ ༢༠༡༤ ནས་ ༢༠༡༦ བར་ལྷོ་ཨ་ཧྥི་རི་ཁའི་སྐུ་ཚབ་དོན་གཅོད། ཕྱི་ལོ་ ༢༠༡༦ ནས་ ༢༠༡༨ བར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེའི་ལས་འགན་བཅས་འཁུར་ཡོད་ཅིང་། ཕྱི་ལོ་ ༢༠༡༨ ནས་ད་ལྟ་བར་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པའི་འགན་འཁུར་མུས་ཡིན་འདུག