རོའུ་བྷིན་འགྲེམས་སྟོན་ཁང་གིས་ཕྱི་ལོ་ ༢༠༢༥ ལོའི་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་དེ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཐོབ་པའི་གསལ་བསྒྲགས་སྤེལ་འདུག

དེ་འབྲེལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རོའུ་བྷིན་འགྲེམས་སྟོན་ཁང་གིས། ཕྱི་ལོ་ ༢༠༢༥ ལོའི་འགྲེམས་སྟོན་ཁང་དེའི་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་དེ་བོད་ཀྱི་གཞོན་སྐྱེས་སྒྱུ་རྩལ་བ་བཀྲ་ཤིས་ཉི་མ་དང་བསྟན་འཛིན་སྨིན་ལེགས། འཇར་མན་ནས་ཡིན་པའི་ལེ་ཡ་ཊག་ (Lea Take) བཅས་ལས་གྲུབ་པའི་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཐོབ་པ་ཡོངས་བསྒྲགས་བྱས་འདུག
ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱིས། ང་ཚོས་གནས་ཚུལ་དེ་ཐོག་མར་ཐོས་སྐབས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཧི་མ་ལ་ཡའི་སྒྱུ་རྩལ་གྱི་ལོ་རྒྱུས་རིང་པོ་ལྡན་པའི་སྒྲིག་འཛུགས་ཤིག་གིས་ཆེ་མཐོང་ངོས་འཛིན་གནང་བ་དེས། ང་ཚོར་སྤྱི་ཚོགས་ནང་མཐོང་ཆེན་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད། ངོས་འཛིན་འདིས་ང་ཚོའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ང་ཚོ་མུ་མཐུད་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་གི་ཡོད། གལ་ཆེ་ཤོས་དེ་མཐོང་ཆེན་འདིས་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱི་གཞི་རྩ་ཇེ་བརྟན་དུ་བཏང་ཡོད་ལ། ལྷག་པར་དུ་ང་ཚོའི་སྤྱི་ཚོགས་ནང་གི་སྒྱུ་རྩལ་བ་མང་པོ་ཞིག་ལ་ཕུགས་རྒྱང་རིང་བའི་རྒྱབ་སྐྱོར་བྱས་པ་མཚོན་གྱི་ཡོད། ཅེས་བརྗོད་འདུག
རོའུ་བྷིན་འགྲེམས་སྟོན་ཁང་གི་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ནི་ཕྱི་ལོ་ ༢༠༢༤ ལོར་ཐོག་མར་ཧི་མ་ལ་ཡ་དང་དེང་རབས་རི་མོའི་སྒྱུ་རྩལ་བའི་བར་སྒྱུ་རྩལ་གྱི་འབྲེལ་ལམ་བསྐོང་ཆེད་བསྐྲུན་པ་ཞིག་ཡིན་ཞིང་། འདས་ལོའི་ཧི་མ་ལ་ཡའི་སྒྱུ་རྩལ་གཟེངས་རྟགས་དེ་བསྟན་འཛིན་འགྱུར་མེད་རྡོ་རྗེ་ལགས་སུ་ཐོབ་ཡོད་དང་། ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགར་ཨ་སྒོར་ཁྲི་གསུམ་ཡོད་འདུག
འདི་ལོའི་ཧི་མ་ལ་ཡའི་སྒྱུ་རྩལ་གཟེངས་རྟགས་ཐོབ་པའི་ཁ་དོག་སྒྱུ་རྩལ་མཐུན་ཚོགས་ནི་ཕྱི་ལོ་ ༢༠༢༣ ལོར་བོད་ཀྱི་གཞོན་སྐྱེས་སྒྱུ་རྩལ་བ་ཁག་ཅིག་གིས་བཞུགས་སྒར་ནས་གསར་དུ་བཙུགས་ཤིང་། སྒྱུ་རྩལ་ཚོགས་པ་འདིས་ད་སྔ་བར་བོད་པའི་སློབ་གྲྭ་ཁག་དང་ཚོགས་སྡེ་ཁག་ཏུ་སྒྱུ་རྩལ་གྱི་ཟབ་སྦྱོང་དང་འགྲེམས་སྟོན། ལྡེབས་རིས་སོགས་ཀྱི་ལས་གཞི་མང་དག་ཅིག་བརྩམས་ཡོད་པ་མ་ཟད། བོད་པའི་སྤྱི་ཚོགས་ནང་ན་གཞོན་སྒྱུ་རྩལ་བ་གང་མང་སྐྱེད་བསྲིང་ཐུབ་པར་སྒྱུ་རྩལ་གྱི་སྡིངས་ཆ་བསྐྲུན་དང་སྐྲུན་མུས་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།