རྒྱ་ནག་གཞུང་གིས་བོད་མཚོ་ནུབ་རང་སྐྱོང་ས་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་ཁུལ་དུ་རྡུལ་ཕྲན་མཚོན་ཆ་ཐག་རིང་ལ་འཕེན་སའི་ལྟེ་གནས་ཤིག་གསར་རྒྱག་བྱེད་བཞིན་ཡོད་སྟབས་མ་འོངས་པར་རྡུལ་ཕྲན་མཚོན་ཆ་སྔར་ལས་མང་པོ་བཟོ་སྐྲུན་བྱ་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག
ན་གོར་མོར་གསར་དུ་རྒྱག་བཞིན་པའི་རྡུལ་ཕྲན་མཚོན་ཆའི་ལྟེ་གནས། འཁོར་སྐར་ལས་བླངས་བའི་པར།
རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ས་གནས་མང་པོ་ཞིག་ཏུ་དམག་སྒར་དང་དམག་དོན་ལྟེ་གནས་མང་པོ་གསར་རྒྱག་བྱེད་བཞིན་ཡོད་པ་ལྟར། ཉེ་སྔོན་འཁོར་སྐར་(Satellite) བརྒྱུད་ལྟ་ཞིབ་བྱེད་སྐབས། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་ཁུལ་དུ་རྡུལ་ཕྲན་མཚོན་ཆ་ཐག་རིང་ལ་འཕེན་སའི་ལྟེ་གནས་ཤིག་གསར་དུ་རྒྱག་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། ལས་གཞི་དེས་བོད་ཙམ་མ་ཟད་རྒྱ་གར་དང་ཐའེ་ཝན་གྱི་བརྟན་བརླིང་ལའང་གནོད་འཚེ་གཏོང་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག
དྷི་དེ་པུ་ལོ་མེ་ཊི( THE DIPLOMAT) གསར་ཁང་གི་དེ་འབྲེལ་གནས་ཚུལ་ལྟར་ན། ན་གོར་མོའི་བྱེ་ཐང་ཞིག་ཏུ་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་ཤིག་གསར་རྒྱག་དང་། བྱེ་ཐང་དུ་བགྲོད་པའི་ལམ། གོ་མཚོན་མངག་གཏོང་གི་ལམ་ཐིག དེ་བཞིན་གོ་མཚོན་ལྟེ་གནས་ཁང་དེའི་ཁང་པ་སོགས་གསར་རྒྱག་དང་། མེ་ཤུགས་འཕུར་མདའ་སྐྱེལ་འདྲེན་ཆེད་སྒོ་རའི་ཁང་ཆེན་དང་། བྱེ་ཐང་དུ་ཤར་གཏོང་བྱ་སའི་རིམ་པ་མང་པོ་ཞིག་བཟོས་ཡོད་པ་སོགས་ཤེས་རྟོགས་བྱུང་འདུག
གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་ལྟ་རྒྱ་ནག་གཞུང་གིས་གསར་རྒྱག་བྱེད་མུས་ཡིན་པའི་རྡུལ་མཚོན་གྱི་ལྟེ་གནས་དེ་ནི། ཀན་སུའུ་ཞིང་ཆེན་གྱི་རྒྱལ་ས་ལན་ཀྲུའུ་གྲོང་ཁྱེར་(兰州市) དུ་རྟེན་གཞི་བྱས་པའི་རྒྱ་ནག་བཅིངས་གྲོལ་དམག་གི་མེ་ཤུགས་འཕུར་མདའི་རྟེན་གཞི་(PLARF ) ཨང་༦༤ པའི་ཁོངས་སུ་ཡོད་པ་མ་ཟད། དེ་ནི་ད་ལྟ་ཟི་ལིང་ཡོད་པའི་མེ་ཤུགས་འཕུར་མདའི་དམག་སྒར་ཨང་ ༦༤༧ དང་ཐག་ཀར་འབྲེལ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་མ་ཟད། དམག་སྒར་དེ་ནས་བར་ཐག་སྤྱི་ལེ་ ༤༠༠༠ བར་འཕུར་སྐྱོད་བྱེད་ཐུབ་པའི་DF-26 རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་ཤར་གཏོང་བྱ་རྒྱུའི་ལས་དོན་ལ་གཞོལ་མུས་ཡིན་པ་ཤེས་རྟོགས་བྱུང་འདུག་ལ། དམག་སྒར་དེས། DF-27 རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་ཡང་བཟོ་བསྐྲུན་བྱེད་མུས་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག
དམག་དོན་ཆེད་མཁས་པ་དག་གིས། ད་ལན་རྒྱ་ནག་གཞུང་གིས་བོད་ཀྱི་ས་བབ་ཆེས་མཐོ་བའི་ན་གོར་མོ་རུ་གོ་མཚོན་གྱི་ལྟེ་གནས་ཆེན་པོ་ཞིག་རྒྱ་སྐྱེད་བྱེད་བཞིན་པ་དེས་མེ་ཤུགས་འཕུར་མདའ་དང་གོ་མཚོན་རྣམས་དེང་རབས་ཅན་དུ་བསྒྱུར་རྒྱུའི་ལམ་བུར་བསྐྱོད་་ཟིན་པའི་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་སྐབས་དེར་རྒྱ་ནག་གཞུང་གི་དམག་སྒར་བདུན་ལ་མེ་ཤུགས་འཕུར་མདའ་DF-26 རྟགས་ཅན་ ༢༥༠ ཙམ་ལས་མེད་ཅིང་། ཕྱི་ལོ་ ༢༠༣༠ ལོར་རྒྱ་ནག་གི་གོ་མཚོན་གྱི་གྲངས་འབོར་ ༡༠༠༠ ལ་སླེབ་སྲིད་པའི་ཚོད་དཔག་བྱས་ཡོད་ལ། ད་ལན་གྱི་རྒྱ་ནག་གཞུང་གིས་བོད་ནང་དུ་གསར་རྒྱག་བྱེད་མུས་ཡིན་པའི་རྟེན་གཞི་དེར། རྒྱ་ནག་གིས་མེ་ཤུགས་འཕུར་མདའ་གསར་བཟོ་དང་། ཚོད་བལྟ། ཞིབ་འཇུག་སོགས་བྱ་སའི་དམག་དོན་གྱི་ས་ཚིགས་གལ་ཆེན་ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱིན་འདུག
སི་ཊ་རི་ཌི་གོ་ལའི་གསར་ཁང་(Strat news Global ) ལྟར་ན། རྒྱ་ནག་གཞུང་གིས་བོད་ཁུལ་དུ་མེ་ཤུགས་འཕུར་མདའ་ཤར་གཏོང་ས་བྱའི་ས་ཚིགས་མང་པོ་ཞིག་གསར་རྒྱག་བྱེད་མུས་ཡིན་པ་ནི། རྒྱ་གར་གྱི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་དུ་དམག་དོན་གྱི་སྟོབས་ཤུགས་སྐྱེད་ཐུབ་ཀྱི་མེད་པ་མཚོན་ཡོད་ཅིང་། དམག་སྒར་གསར་རྒྱག་བྱས་པ་དེས་མ་འོངས་པར་རྒྱ་གར་དང་ཐའེ་ཝན་གྱི་མེ་ཤུགས་འཕུར་མདའ་ལས་ཚད་མཐོ་བ་དང་ནུས་སྟོབས་ཅན་ཞིག་བཟོ་སྐྲུན་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་སྐོར་གསལ་འདུག
ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བོད་མཚོ་སྔོན་ཞིང་ཆེན་མང་ར་རྫོང་མགོ་མང་གྲོང་རྡལ་གྱི་འབྲོག་རུ་སྡེ་བ་དང་ཆོས་ཚ་སྡེ་བ་གཉིས་ཀྱི་བར་དུ་ཡོད་པའི་དམུ་གེ་ཐང་གི་རྩྭ་ཐང་དུ། གློ་བུར་དུ་འཕུར་མདའི་ལྷུ་ལག་ཅིག་ལྷུང་སྟེ་འབར་གས་བྱུང་སྟེ་ས་གནས་མི་མང་ལ་འཇིགས་སྣང་ཆེན་པོ་བསླངས་ཡོད་པ་དང་། ཉིན་དེར་རྒྱ་ནག་ཧྲང་ཧེ་མཁའ་འཕུར་འཕྲུལ་རིག་ཚན་རྩལ་ཁང་གིས་(Shanghai Academy of Spaceflight Technology)བཟོས་ཤིང་། ཀན་ལྷོ་ཁུལ་ཅུའུ་ཆན་གྲོང་ཁྱེར་ཟུང་སྐར་ལྟེ་གནས་ཁང་ནས་( Long March-2D carrier rocket )ཞེས་པའི་མེ་ཤུགས་འཕུར་མདེལ་བརྒྱུད་ Shiyan-31 ཞེས་པའི་འཁོར་སྐར་ཚོད་ལྟ་ཞིག་བྱས་ཡོད་སྟབས། བོད་ནང་དུ་འབར་གས་བྱུང་བའི་འཕུར་མདའི་ལྷུ་ལག་དེ་ཚོད་ལྟ་དེ་ལས་བྱུང་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།