༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་གཞོན་སྐྱེས་ཕོ་མོ་རྣམས་ཀྱིས་འགན་བླངས་ཏེ་བོད་གསར་པ་ཞིག་འཛུགས་སྐྲུན་བྱེད་པར་སེམས་ཤུགས་ཧུར་བསྐྱེད་བྱེད་དགོས་པ་གལ་ཆེན་པོ་རེད་ཅེས་གསུངས་སོང་།

དེ་རིང་དྷ་སྟེང་བོད་ཁྱིམ་སློབ་གྲྭར་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ཏེ་མི་ལོ་ ༦༥ འཁོར་བའི་དུས་དྲན་སྲུང་གཙི་གནང་བའི་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག བོད་མིའི་སྒྲིག་འཛུགས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཐུབ་བསྟན་སྦྱིན་པ་མཆོག དེ་བཞིན་བབོད་མི་མང་སྤྱི་འཐུས་ཁག་ཅིག་དང་། བོད་ཕྲུག་ཁྱིམ་སྡེའི་དབུ་ལས་སློབ་ཕྲུག སེར་སྐྱ་མི་མང་བཅས་འཛོམས་འདུག མཛད་སྒོའི་ཐོག་ལ་དྭགས་བསོད་ནམས་གླིང་གཞིས་གྲོང་ ༡༢ དང་བྱང་ཐང་ས་ཁག་གཉིས་ཀྱི་ཐུན་མོང་ཐོག ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐུགས་རྗེ་བཀའ་དྲིན་མཚོན་སླད་དངུལ་ཟངས་དང་གསེར་ཆུ་ལས་གྲུབ་པའི་གཟེངས་རྟགས་ཤིག་ཕུལ་སོང་བ་དང་། དེ་བཞིན་ལོ་ངོ་ ༢༠ ལྷག་གི་རིང་བོད་ཕྲུག་ཁྱིམ་སྡེར་ཞབས་ཕྱི་ཞུ་མཁན་གྲངས་ ༢༧ ལ་ལག་འཁྱེར་ཕུལ་སོང་།
ཐོག་མར་བོད་ཁྱིམ་སྤྱི་ཁྱབ་གཙོ་འཛིན་བསོད་ནམས་སྲི་ཆོས་ལགས་ཀྱིས་བོད་ཕྲུག་ཁྱིམ་སྡེའི་ལས་བསྡོམས་སྙན་སྒྲོན་ཞུས་སོང་བ་དང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། ཤེས་རིག་ལས་ཁུངས་ཀྱིས་སློབ་སྦྱོང་ཚད་ལྡན་ཐོག་ཡ་རབས་བཟང་སྤྱོད་ལྡན་པ་ཧ་ཅང་གནད་འགག་ཏུ་རྩི་བཞིན་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན་སྤྱི་ཚོགས་ནང་དུ་ཡ་རབས་བཟང་སྤྱོད་མེད་ཚེ། ཤེས་ཡོན་དང་ལག་འཁྱེར་ཧ་ཅང་མཐོ་བོ་ཡོད་ཀྱང་། མི་སྒེར་གྱི་ཐོག་ནས་མི་ཚེ་ཚད་ལྡན་ཞིག་སྐྱེལ་ཐུབ་ཀྱི་མེད་པ་གསལ་པོ་རེད། འཛམ་གླིང་ནང་དམག་འཁྲུག་དང་རྙོག་དྲ་ཆེ་བའི་ད་ལྟའི་དུས་ཚོད་འདིར། ༧གོང་ས་མཆོག་གི་བཀའ་སློབ་གཞིར་བཟུང་ཡ་རབས་བཟང་སྤྱོད་ལྡན་པའི་མི་བཟང་པོ་ཡོད་ཚེ། དེ་འདྲའི་དཀའ་ངལ་གྱི་རིགས་ཡོང་གི་མ་རེད། འཛམ་གླིང་ཐོག་དཀའ་ངལ་བཟོ་མཁན་གྱི་དཔོན་རིགས་དེ་ཚོ་ཡ་རབས་བཟང་སྤྱོད་ཀྱི་སློབ་གསོ་མ་ཐོབ་པའི་རྐྱེན་གྱིས་སྤྱི་ཚོགས་ནང་དུ་དཀའ་ངལ་མང་པོ་འཕྲད་བསྡད་ཡོད། ད་ལོར་༧སྐུའི་གོ་སྟོན་དང་བསྟུན་ནས་བྱམས་བརྩེའི་ལོ་སྲུང་གཙི་བྱེད་བཞིན་ཡོད་པ་རེད། ཉིན་རེ་བཞིན་བྱམས་སྙིང་རྗེ་སྲུང་གཙི་ཞུ་ཐུབ་ན་རང་ཉིད་དང་སྤྱི་ཚོགས་ཚང་མ་སྐྱིད་པོ་ཡོང་བར་གལ་ཆེན་པོ་ཆགས་འདུག ཅེས་གསུངས་སོང་།

བོད་མི་མང་སྤྱི་ལྷན་ཚོགས་ཀྱི་སྐུ་ཚབ་སྤྱི་འཐུས་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ཀྱིས་རང་སྲོག་བློས་གཏོང་ཐོག་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སོགས་གོང་འཕེལ་གཏོང་བཞིན་ཡོད་པ་ལྟར། གླུ་གཞས་སོགས་སྒྱུ་རྩལ་འདྲ་མིན་ཐོག་སྲུང་སྐྱོབ་ཀྱིས་འབད་བརྩོན་གང་ཐུབ་གནང་མུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་གཏོང་རྒྱུའི་སྲིད་ཇུས་འོག བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཐོག་དམ་དྲག་ཆེ་རུ་བཏང་དང་གཏོང་བཞིན་པ་མ་ཟད། བོད་མི་མང་པོ་ཉེས་མེད་བཙོན་འཇུག་དང་མི་སྤྱོད་ལས་འདས་པའི་དམྱལ་བ་མི་ཡུལ་དུ་ལྷུང་བ་ལྟ་བུའི་སྡུག་སྦྱོང་གཏོང་མུས་ཡིན། བོད་ཀྱི་སློབ་ཕྲུག་རྣམས་ལོ་བཞི་ཙམ་ནས་ཕ་མ་དང་ཁ་བྲལ་དུ་བཏང་སྟེ། ཕ་མ་དང་ཕྲུ་གུར་འདོད་པ་མེད་བཞིན་དུ་རྒྱ་ནག་དམར་གཞུང་གིས་བཙན་གྱིས་བོད་ཕྲུག་ས་ཡ་གཅིག་ལྷག་བཅའ་སྡོད་སློབ་གྲྭར་འཇུག་བཞིན་ཡོད། བཅའ་སྡོད་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་དང་ཆོས་རིག་གཞུང་བཅས་སྦྱོང་བའི་གོ་སྐབས་མེད་པར་རྒྱ་ཡིག་བཙན་དབང་གིས་སྦྱོང་དགོས་པ་བཟོས་ཡོད། ལོ་ནས་ལོར་ཕྲུ་གུ་ཕ་མ་དང་ཁ་བྲལ་ནས་སྡོད་དགོས་དུས། བོད་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་མེད་པར་བཟོས་ཏེ་བོད་ཕྲུག་རྒྱ་ཕྲུག་ཏུ་འགྱུར་རྒྱུའི་སྲིད་ཇུས་ངན་པ་ལག་བསྟར་བྱེད་བཞིན་ཡོད། རང་དབང་ལུང་པར་ཡོད་པའི་སློབ་ཕྲུག་རྣམས་ཀྱིས་སོ་སོའི་ལས་འགན་གཙོ་བོ་སློབ་སྦྱོང་ཐོག་ཤུགས་བརྒྱབ་ནས་འཛམ་གླིང་ཐོག་དཔུང་པ་མཉམ་གཤིབ་ཐུབ་པ། དེང་དུས་ཀྱི་ཤེས་ཡོན་དང་། ཁྱད་པར་བོད་མི་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་དོ་སྣང་ཆེན་པོའི་ཐོག་རྒྱུད་འཛིན་ཐུབ་བྱ་རྒྱུ། དམིགས་བསལ་གྱིས་ལས་འགན་གལ་ཆེན་པོ་ཡོད་པ་དུས་ཚོད་ཆུད་ཟོས་སུ་མི་གཏོང་པར་སོ་སོའི་མི་རིགས་ལ་ཞབས་འདེགས་བསྒྲུབ་པར་ཧུར་ཐག་བྱ་རྒྱུའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས། སྔོན་མ་ང་ཚོའི་རྒྱལ་ཁབ་ཤོར་བ་དེ་ང་ཚོར་དེང་དུས་ཀྱི་ཤེས་ཡོན་ཚད་ལྡན་མེད་པའི་རྐྱེན་གྱིས་ད་ལྟའི་གནས་སྟངས་འདི་འདྲ་ཞིག་ཆགས་པ་རེད། ཤེས་ཡོན་ཡག་པོ་ཡོད་ན་མི་སྒེར་གྱི་འཚོ་བའི་དཀའ་ངལ་གྱི་གནས་སྟངས་སེལ་ཐུབ་ལ། བོད་རང་དབང་སླར་གསོ་དེའི་ཐོག་ནས་ཡོང་ཐུབ་ཀྱི་ཡོད། ཤེས་ཡོན་ཡག་པོ་ཞིག་མ་བྱུང་བ་ཡིན་ན་བོད་རང་དབང་བདེན་པའི་སླར་གསོ་ཞེས་པ་ཡོང་ཐབས་མེད་པ་རེད། བོད་ཀྱི་རྩ་དོན་བསྒྲུབ་མ་ཐུབ་ན་བོད་ཀྱི་ཆོས་དང་རིག་གཞུང་ཞེས་པའང་རིམ་བཞིན་ཉམས་རྒུད་དུ་གྱུར་ནས་མིང་ཙམ་ཡང་མེད་པ་ཆགས་རྒྱུའི་ཉེན་ཁའི་གནས་སུ་ལྷུང་ཡོད། ༧གོང་ས་མཆོག་ནས་མ་འོངས་བོད་ཀྱི་སོན་རྩ་ཞེས་ཐུགས་རེ་གནང་གི་ཡོད་པ་བཞིན། མ་འོངས་བོད་ཀྱི་རེ་བ་བཅོལ་ས་ད་ལྟའི་ཕྲུ་གུ་རྣམས་ཆགས་ཡོད། བོད་ཀྱི་བསྟན་པ་ཆབ་སྲིད་དེ་བླ་མ་དང་དཔོན་པོ་གཅིག་གཉིས་ལ་ཐུག་ཡོད་པ་མ་རེད། གཙོ་བོ་གཞོན་སྐྱེས་ཕོ་མོ་རྣམས་ཀྱིས་འགན་བླངས་ཏེ་བོད་གསར་པ་ཞིག་འཛུགས་སྐྲུན་བྱེད་པར་སེམས་ཤུགས་ཧུར་བསྐྱེད་བྱ་དགོས་པ་གལ་ཆེན་པོ་རེད། ཤེས་ཡོན་གྱི་ཚད་ཡག་པོ་ཞིག་བྱུང་ན་མི་མང་དབུ་ཁྲིད་ཐུབ་ཀྱི་རེད། དེ་ཡང་དེང་དུས་ཀྱི་ཤེས་ཡོན་ཡོད་པ་བཞིན་བསམ་བློ་གུ་ཡངས་ཡོང་གི་རེད། སེམས་པ་ཆགས་སྡང་དང་ཕྱོགས་རིས་དབང་དུ་འགྲོ་བའང་འགོག་ཐུབ་ཀྱི་རེད། ཆོལ་ཁ་དང་ཆོས་བརྒྱུད་སོགས་དབྱེ་མེད་ཐོག་བོད་མི་ཡོངས་རྫོགས་མགོ་ཁྲིད་མཁན་ཞིག་ཡོང་གི་རེད། ད་ལྟ་བར་དུ་བོད་ཕྲུག་ཁྱིམ་སྡེ་ནས་ཐོན་ཏེ་སྤྱི་སྒེར་གང་རུང་དུ་ཞབས་འདེགས་ཞུ་མཁན་ཧ་ཅང་མང་པོ་བྱུང་ཡོད། དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

བོད་ཕྲུག་ཁྱིམ་སྡེ་ནི་ཕྱི་ལོ་ ༡༩༦༠ ལོར༧སྐུའི་གཅེན་མོ་དམ་པ་ཚེ་རིང་སྒྲོལ་མ་མཆོག་གིས་བོད་ཀྱི་ལམ་བཟོ་བའི་ཕྲུ་གུ་གྲངས་ ༥༠ ལ་གཟིགས་སྐྱོང་གི་ཐུགས་འཁུར་བཞེས་པ་ནས་མགོ་བཙུགས་ཏེ། ཕྱི་ལོ་ ༡༩༦༤ ལོར་༧སྐུའི་གཅུང་མོ་རྗེ་བཙུན་པདྨ་མཆོག་གིས་ཐུགས་འགན་བཞེས་ཏེ། བཙན་བྱོལ་བོད་མིའི་ཁྲོད་དྭ་ཕྲུག་དང་། ཕྱེད་དྭ་ཕྲུག ཉམ་ཐག་བཅས་སུ་གཟིགས་སྐྱོང་དང་ཤེས་ཡོན་མཁོ་སྤྲོད་བྱེད་བཞིན་པའི་ཁེ་མེད་ཀྱི་ཚོགས་པ་ཆེ་ཤོས་ཤིག་ཡིན་ཞིང་། ད་ལྟ་བར་དུ་བུ་ཕྲུག་ཁྲི་ལྔ་ལྷག་གསོ་སྐྱོང་དང་ཤེས་ཡོན་གོ་སྐབས་གནང་ཡོད་པ་རེད། ད་ལྟའི་ཆར་བོད་ཁྱིམ་ཁོངས་གཏན་སློབ་གྲངས་ ༧ དང་། ཉིན་སློབ་གྲངས་ ༤ ། ལས་རིགས་སློབ་གཉེར་ཁང་གྲངས་ ༢། ཏཱ་ལའི་བླ་མ་མཐོ་སློབ། མཐོ་སློབ་ཀྱི་སྡོད་ཁང་གཉིས་བཅས་ཡོད་འདུག་ལ། བོད་ཁྱིམ་གྱི་གཞི་རིམ་སློབ་གྲྭ་ཁག་ཏུ་ཁྱོན་སློབ་ཕྲུག་གྲངས་ ༥༡༩༠ དང་། མཐོ་སློབ་ཏུ་སློབ་མ་གྲངས་ ༩༨༥ ཡོད་དང་། བོད་ཕྲུག་ཁྱིམ་སྡེ་རུ་ཁྱོན་དགེ་ལས་གྲངས་ ༧༦༩༧ ཡོད་འདུག
འདི་ལོའི་འཛིན་རིམ་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་ཚད་ཁྲོད་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ཁྱོན་ ༤༡༦ མཉམ་ཞུགས་བྱས་ཡོད་པའི་ཁྲོད། སློབ་ཕྲུག་གྲངས་ ༤༡༡ གིས་ཡིག་རྒྱུགས་འཕྲོད་དེ་ཆ་སྙོམས་བརྒྱ་ཆ་ ༩༨།༨ དང་། བརྒྱ་ཆ་ ༩༠ ཡན་སོན་པའི་སློབ་ཕྲུག་གྲངས་ ༩ ཡོད་པ་ལས་བརྒྱ་ཆ་མཐོ་ཤོས་ ༩༥།༨ ཡིན་ཅིང་། སྲིད་སྐྱོང་བྱ་དགའ་ཐོབ་མཁན་སློབ་ཕྲུག་ ༦ བྱུང་འདུག དེ་བཞིན་འདི་ལོའི་འཛིན་རིམ་བཅུ་བའི་རྒྱལ་ཡོངས་ཡིག་ཚད་ནང་སློབ་ཕྲུག་ ༥༤༩ མཉམ་ཞུགས་བྱས་པའི་ཁྲོད། སློབ་ཕྲུག་ ༥༤༥ ཡིས་རྒྱུགས་འཕྲོད་དེ་ཆ་སྙོམས་བརྒྱ་ཆ་ ༩༩ དང་། བརྒྱ་ཆ་ ༩༠ ཡན་སོན་པའི་སློབ་ཕྲུག་ ༢༡ བྱུང་ཡོད་པས། བརྒྱ་ཆ་མཐོ་ཤོས་དེ་ ༩༥།༨ ཡིན་འདུག འདི་ལོའི་འཛམ་གླིང་ཤེས་ཡོན་ཞེས་པའི་དུས་དེབ་ནང་གསལ་ལྟར་ན། རྒྱ་གར་རྒྱལ་ཡོངས་སུ་སློབ་གྲྭ་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ཡོད་པའི་ཁྲོད། སེ་ལ་ཀུལ་བོད་ཕྲུག་ཁྱིམ་སྡེ་ཨང་རིམ་ ༡༧༥ པ་དང་། ཨུ་ཌར་ཁན་མངའ་སྡེའི་ནང་ཨང་རིམ་ ༡༥ པ། རྡེ་ར་རྡུན་ས་ཁུལ་ནང་ཨང་རིམ་ ༧ བཅས་ཐོབ་ཡོད་འདུག མ་འོངས་པར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་༧གོང་ས་ཏཱ་ལའི་བླ་མའི་འགྲེམས་སྟོན་ཁང་ཞེས་པ་འཛུགས་སྐྲུན་གྱིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་བོད་ཀྱི་རིག་གཞུང་སོགས་ཀྱི་གོ་རྟོགས་སྤེལ་འཆར་དང་། ཕྱི་ལོ་ ༢༠༢༦ ནས་བཟུང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭ་ཡོངས་ནས་སྤྱི་ཚོགས་ཚན་རིག་སློབ་ཚན་བོད་ཡིག་ནང་སློབ་ཁྲིད་གནང་འཆར་བཅས་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།