སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་ནང་གི་བོད་མིའི་རང་དབང་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡང་སྲིད་ཀྱི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་ཚོང་དོན་ལ་ཁ་གཡར་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མུས་ཡིན་སྐོར་སོགས་གསུངས་འདུག
སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་གྱི་ངོ་བཤུས་པར།
ཁ་སང་ཕྱི་ཚེས་ ༢༩ ཉིན་ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་(National Press Club ) ཀྱིས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུ་སྐབས། སྲིད་སྐྱོང་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་བཞེད་དང་། བོད་ནང་གི་བོད་མིའི་འགྲོ་འདུག་རང་དབང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་དམ་དྲག་བྱེད་མུས་ཡིན་པའི་གནད་དོན། རྒྱ་ནག་གཞུང་གི་འཕེལ་རྒྱས་དང་རྒྱལ་སྤྱིར་སྤྲོད་མུས་ཡིན་པའི་གནོན་ཤུགས་སོགས་ཀྱི་ཐད་ལ་གླེང་སློང་གནང་འདུག
སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ལོ་རྒྱུས་རང་བཞིན་ཐོག་ནས་བོད་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་དམར་ཤོག་རིང་ལུགས་ཀྱིས་བོད་ས་བཙན་འཛུལ་དང་ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་ཏེ་བཙན་བྱོལ་དུ་སྒྲིག་འཛུགས་ཤིག་མགོ་བཙུགས་གནང་བ་རེད། ང་ཚོའི་འགན་ཁུར་ཆེ་ཤོས་གཙོ་བོ་ནི་བོད་རྒྱ་གཉིས་ཀྱི་དཀའ་རྙོག་གསལ་རྒྱུ་དེ་ཡིན་ལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚེ་མེད་ཞི་བདེ་དང་། བགྲོ་མོལ། དེ་བཞིན་གཉིས་ཕན་ལ་དགོངས་ནས་གཉིས་ཕན་དབུ་མའི་ལམ་ཐབས་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་གསལ་རྒྱུའི་ལམ་བུ་ཞིག་གསལ་སྟོན་གནང་བ་རེད། དེང་གི་གོ་ལ་འདིར་འབྱུང་མུས་ཡིན་པའི་རྩོད་རྙོག་དེ་ལ་བལྟས་ཚེ། དེང་སྐབས་རྒྱལ་ཁབ་མང་པོས་འབྱུང་འགྱུར་ལ་དཀའ་རྙོག་མང་དག་ཅིག་བཟོ་མུས་ཡིན་པ་ལས། ད་ལྟའི་དཀའ་རྙོག་ཅིག་སེལ་ཐབས་བྱེད་མུས་ཡིན་མིན་ཤེས་ཐབས་བྲལ་བ་ཞིག་རེད། ང་ཚོ་བོད་ལ་མཚོན་ན་དགའ་མོས་ཡོད་མེད་ལ་མ་བལྟོས་པར་ང་ཚོ་འཛམ་གླིང་གི་ཆེས་མཐོ་བ་དང་ཆེས་ཆེ་བའི་བོད་མཐོ་སྒང་དེར་གནས་སྡོད་བྱ་དགོས། ཞེས་དང་། གལ་ཏེ་ཉིན་ཞིག་བོད་མི་རྣམས་རང་ཡུལ་ལ་ལོག་ཚེ། བོད་མི་རྣམས་རང་གི་ཁྱིམ་མཚེས་གྱུར་བའི་རྒྱ་རིགས་དང་། རྒྱ་གར་བ་སོགས་དང་ལྷན་དུ་འཚོ་སྡོད་བྱ་དགོས་ཤིང་། དུས་རབས་མང་པོ་ང་ཚོ་ལྷན་དུ་འཚོ་སྡོད་བྱས་ཡོད། ཅེས་གསུངས་འདུག
སྲིད་སྐྱོང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འགྲོ་བ་མིའི་རིགས་སྤྱི་ཡི་ཐོབ་ཐང་ཐད་ལ་དགོངས་བཞེས་གནང་གི་ཡོད་པ་མ་ཟད། ༧མགོན་པོ་གང་ཉིད་ཀྱིས་ཡུ་རོབ་མཐུན་ཚོགས་ལྟ་བུའི་སྒྲོམ་གཞིར་ཡིད་སྨོན་གནང་གི་ཡོད། དེང་སྐབས་ཀྱི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཡུ་རོབ་ཀྱི་རྒྱལ་ཁབ་རྣམས་གཅིག་གྱུར་གྱི་མཐུན་ཚོགས་ཀྱི་སྒྲོམ་གཞིར་མ་བསྒྱུར་ཚེ། ད་ལྟའང་རྒྱལ་ཁབ་ཕན་ཚུན་བར་འཐབ་རྩོད་བྱེད་རེས་བྱེད་ཀྱི་ཡོད་ཅེས་གསུང་གིན་ཡོད། དེ་ལྟ་བུའི་སྒྲོམ་གཞིའམ་དགོངས་པ་ཞིག་ཡུ་རོབ་མཐུན་ཚོགས་སུ་ལག་བསྟར་བྱས་ཐུབ་ན། བོད་ལའང་ལག་བསྟར་བྱ་ཐུབ་ངེས་རེད། བོད་མི་རྣམས་ཀྱིས་ཀྱང་ས་ཁམས་ཆགས་ཚུལ་ཐོག་ནས་བོད་ཀྱི་ཕྱོགས་བཞིར་གངས་རིས་བསྐོར་ནས་ཁེར་ཚུགས་སུ་གནས་པར་དགའ་མོས་བྱེད་ཀྱི་ཡོད་ལ། ང་ཚོས་བོད་དེ་གངས་རིའི་ར་བས་སྐོར་བའི་ཞིང་ཁམས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་པའི་མུར། ཚན་རིག་ཆེད་མཁས་པ་དག་གིས་བོད་ལ་འཁྱགས་རོམ་སོགས་ཡོད་པའི་དབང་གིས་གོ་ལའི་སྣེ་མོ་གསུམ་པར་ངོས་འཛིན་བྱེད་ཀྱིན་ཡོད་ལ། ཨེ་ཤ་ཡ་རྒྱལ་ཁབ་ཁག་གིས་བོད་ནི་ཨེ་ཤ་ཡའི་ཆུ་མཛོད་དུ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། དེས་བོད་ཀྱི་གལ་གནད་དང་ཆབ་དཔལ། ས་ཁམས་ཀྱི་གལ་ཆེའི་རང་བཞིན་དེ་གསལ་སྟོན་བྱེད་ཀྱི་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་རྒྱ་ནག་གི་རྩ་ཁྲིམས་ཀྱི་འོག་ཏུ་ཚུད་པ་བྱས་ནས་གཉིས་ཕན་གྱི་ལམ་བུ་ཞིག་བདམས་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ད་བར་རྒྱ་ནག་གཞུང་ཕྱོགས་ཀྱི་བརྡ་ལན་ཡག་རྟགས་གང་ཡང་མ་བྱུང་། ཞེས་གསུངས་འདུག
སྲིད་སྐྱོང་མཆོག་གིས། ཕྱི་ལོ་ ༢༠༠༩ ནས་ ༢༠༢༢ བར་བོད་ནང་དུ་བོད་མི་ ༡༥༧ གྱི་རང་ལུས་མེར་བསྲེགས་ནས། རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་མུས་ཡིན་པ་དེར་གོ་ལ་ཡོངས་ཀྱིས་དོ་སྣང་ཞིག་ཡོང་རྒྱུར་རེ་བ་དང་། རྒྱལ་སྤྱིའི་ཚོགས་སྡེར་ཁག་གིས་ནང་གི་བོད་མིར་རོགས་འདེགས་བྱ་རྒྱུར་རེ་བ་བཅངས་ཡོད་ཀྱང་། སྟབས་མ་ལེགས་པ་ཞིག་ལ། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་གོ་གནས་བཟུང་རྗེས། བོད་མི་ཚུད་པའི་མི་རིགས་གཞན་རྣམས་ཀྱི་ངོ་བོ་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་བཏིང་ཡོད་ལ། ད་ལྟ་འཛམ་གླིང་གི་སྐད་ཡིག་རྙིང་ཤོས་བཅོ་ལྔ་པར་གྱུར་བའི་བོད་ཀྱི་སྐད་ཡིག་དང་། ནང་བསྟན་ཆོས་ལུགས་ཀྱི་རྟེན་གཞི་བྱས་པའི་བྱམས་དང་སྙིང་རྗེ། བོད་ཀྱི་ཆོས་རིག་སོགས་གཏོར་བཤིག་དང་རྩ་མེད་བཟོ་རྒྱུའི་སྲིད་ཇུས་ཤིག་བཏིང་ཡོད། སྲིད་ཇུས་དེའི་འོག་ནས་རྒྱ་ནག་གཞུང་གིས་ནུབ་ཕྱོགས་ཀྱི་ཤེས་རིག་ལམ་ལུགས་ཀྱི་རྗེས་སུ་འབྲངས་ཡོད་ལུགས་བསྒྲགས་ནས་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་ནས། བོད་ཕྲུག་རྣམས་བཙན་གྱིས་བཅའ་སྡོད་སློབ་གྲྭ་གཏོང་གི་ཡོད་ཅིང་། རྒྱ་ནག་གཞུང་ལ་འཛམ་གླིང་ལ་གནས་ཚུལ་དྲིལ་བསྒྲགས་བྱེད་སྟངས་ཤིག་དང་ནང་ལོགས་སུ་ལག་བསྟར་བྱེད་སྟངས་ཀྱི་ངོ་གདོང་གཉིས་ཡོད། ད་ལྟ་བོད་ནང་གསར་འགོད་པ་དང་། གསར་ཁང་། དེ་བཞིན་གསར་འགོད་ཀྱི་རང་དབང་སོགས་གཏན་ནས་མེད་པ་རེད། ཅེས་དང་། ཡང་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཐོག་མར་ཨ་རིར་ཕེབས་ཏེ། རིམ་པའི་ཨ་རིས་བོད་དོན་དང་བོད་མིར་རྒྱབ་སྐྱོར་གནང་བ། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་གྱི་གྲོས་འཆར་སོགས་ཀྱི་སྐོར་དང་། ཨ་རིས་བོད་མི་རྣམས་ལ་རོགས་དངུལ་གནང་བ་དེས། རྒྱ་ནག་གཞུང་གིས་བོད་ནང་དུ་ཚད་ལས་འདས་པའི་དྲག་གནོན་དང་ཆོས་རིག་རྩ་མེད་གཏོང་མུས་ཡིན་ཡང་། བཙན་བྱོལ་དུ་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་། ངོ་བོ་སྲུང་སྐྱོབ། དེ་བཞིན་མུ་མཐུད་དུ་བོད་དོན་འཐབ་རྩོད་བྱས་པ་ཕན་ཐོགས་རླབས་ཆེན་ཡོད་སྐོར་སོགས་གསུངས་འདུག
ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་ཐད་ལ་ཐེ་ཇུས་བྱེད་མུས་ཡིན་ཡང་། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ནས་ ༤ ཉིན་གྲངས་གསུམ་རིང་གི་བོད་ཀྱི་ཆོས་ཚོགས་ཐེངས་བཅོ་ལྔ་པའི་སྟེང་། ༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་པ་དང་། ཡང་སྲིད་ངོས་འཛིན་གྱི་བྱེད་སྒོའི་འགན་འཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་ཅིང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། ༸རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྲིད་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱ་རྒྱུ་ལས། གཞན་སུས་ཀྱང་ཐེ་ཇུས་མི་ཆོག་པའི་གནས་བབ་ལ་འགྱུར་བ་གང་ཡང་མེད་ཅེས་བསྒྲགས་ཡོད་པའི་སྐོར་དང་། རྒྱ་ནག་གཞུང་གིས་འཁྱོག་བཤད་ཀྱི་ལམ་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་ཐད་ལ་ཐེ་ཇུས་བྱེད་མུས་ཡིན་པའི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་མི་གཙོས་ཕྱི་རྒྱལ་ཁག་ཏུ་གནས་པའི་བོད་དོན་རྒྱབ་སྐྱོར་བ། དེ་བཞིན་ཚོགས་སྡེ་ཁག་ལ་གནོན་ཤུགས་སྤྲད་ནས། རྒྱལ་མཚམས་ལས་བརྒལ་ནས་བཙན་བྱོལ་ནང་གི་བོད་མི་དང་ཚོགས་སྒེར་སོགས་ལ་གནོན་ཤུགས་སྤྲོད་མུས་ཡིན་སྐོར། དེང་སྐབས་རྒྱ་ནག་གཞུང་གིས་ཚོང་དོན་གྱི་ཐོག་ནས་རྒྱལ་ཁབ་མང་དག་ཅིག་ལ་གནོན་ཤུགས་སྤྲོད་མུས་ཡིན་སྟབས། རྒྱལ་ཁབ་ཚང་མས་ཚོང་དོན་དང་ལྷན་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལའང་སྲུང་སྐྱོབ་བྱ་དགོས་པའི་སྐོར་སོགས་གསུངས་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།