བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་ཧཱ་ཝར་ཌི་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ལྟེ་གནས་ཁང་གི་འགན་འཛིན་སྐུ་ཞབས་ཝ་རན་ (Setti D. Warren) ལགས་དགུང་གྲངས་ ༥༥ སྟེང་གློ་བུར་རྐྱེན་འདས་སུ་ཕྱིན་པར་ཐུགས་གསོའི་འཚམས་འཕྲིན་གནང་འདུག

དེ་འབྲེལ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ངོ་དེབ་སྟེང་དུ། ང་ཚོས་སྐུ་ཞབས་ཝ་རན་ལགས་ཀྱི་ཁྱིམ་མི་ཡོངས་དང་གྲོགས་པོ་རྣམ་པ། དེ་བཞིན་ཕྱག་རོགས་ཚོ་དང་ཧཱ་ཝར་ཌིའི་ཚོགས་སྡེ་ཧྲིལ་པོར་གདུང་སེམས་མཉམ་སྐྱེད་ཞུས་པ་དང་སྦྲགས། འདས་པོ་ཁོང་གི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་བཞིན་ཡོད་ཅེས་གསུངས་འདུག
ཧཱ་ཝར་ཌིའི་ཆབ་སྲིད་ལྟེ་གནས་ཁང་གི་འགན་འཛིན་ཝ་རན་ལགས་དེ་སྔ་ཐད་ཀར་བོད་དོན་དང་འབྲེལ་བའི་ལས་རིམ་ནང་ཆ་ཤས་བཞེས་པ་མི་གསལ་ཡང་། ད་ལན་ནི་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་གསུང་བཤད་གནང་བའི་སྡིངས་ཆ་བསྐྲུན་པ་ནི་བོད་དོན་དང་འབྲེལ་བ་བྱུང་བ་ཐོག་མར་གྱུར་ཡོད་འདུག་ལ། ཁོང་གློ་བུར་རྐྱེན་འདས་སུ་ཕྱིན་པར་བརྟེན། སྲིད་སྐྱོང་མཆོག་གི་ཧ་ཝར་ཌིའི་གསུང་བཤད་ཀྱི་ལས་རིམ་ཡང་རེ་ཞིག་འཕར་འགྱངས་བྱས་ཡོད་འདུག
སྐུ་ཞབས་སི་ཏུའི་ཝ་རན་ལགས་ནི་དེ་སྔ་ཕྱི་ལོ་ ༢༠༡༠ ནས་ ༢༠༢༢ བར་ཨ་རིའི་མངའ་སྡེ་མ་སཱ་ཆོ་སི་ཊིའི་གྲོང་ཁྱེར་ནེའུ་ཊོན་གྱི་སྤྱི་ཁྱབ་པ་དང་ཨ་རིའི་སྲིད་འཛིན་ཁུ་ལི་ཊོན་གྱི་སྐབས་སུ་ཕོ་བྲང་དཀར་པོའི་ལས་བྱེད་གནང་མྱོང་ཞིང་། ཁོང་གི་ཕྱག་རོགས་ཇེར་མེ་ཝིན་སི་ཊིན་ (Jeremy M. Weinstein) ལགས་ཀྱིས། སྐུ་ཞབས་ཝ་རན་ (Setti D. Warren) ལགས་ཀྱི་སློབ་འཁྲིད་འོག་འཚར་ལོངས་བྱུང་བའི་ཧ་ཝར་ཌིའི་སློབ་ཕྲུག་མང་པོ་ཞིག་གིས་ཁོང་ལ་རྗེས་དྲན་ཞུ་ངེས་ཡིན་ལ། སློབ་ཕྲུག་མང་པོ་ཞིག་ཁོང་ལ་ཧ་ཅང་དགའ་བས། ཁོང་གིས་བཞག་པའི་བག་ཆགས་དག་གིས་མ་འོངས་པའི་མི་རབས་གསར་པ་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་ཞེས་བརྗོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གཞིགས་ན། ཕྱི་ཟླ་ ༡༠ ཚེས་ ༡༠ ནས་ཕྱི་ཟླ་ ༡༡ ཚེས་ ༡༤ བར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཡུ་རོབ་ཀྱི་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་། འཇར་མན། ལྷོ་བྱང་ཨ་མི་རི་ཀ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ། ད་ལྟའི་བོད་ནང་དང་བཙན་བྱོལ་གྱི་གནས་བབ། རྒྱ་ནག་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་དྲག་གནོན་སྲིད་ཇུས་སོགས་ཀྱི་སྐོར་ལ་གོ་རྟོགས་དང་རྒྱལ་ཁབ་དེ་དག་གི་གནད་ཡོད་མི་སྣ་ཁག་དང་ཐུག་འཕྲད་བགྱིས་ཏེ་བོད་དོན་ལ་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་གནང་དང་གནང་མུས་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།





