མགོན་པོ་སྐྱིད་ལགས་ཀྱིས་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ཀྱི་ཆེད་དུ་ཞི་བའི་ལས་འགུལ་སྤེལ་བར་རྒྱ་གཞུང་གིས་བཀག་ཉར་འོག་དམ་དྲག་བྱས་རྐྱེན། བསྐྱར་དུ་ཐོག་ཁང་ནས་མར་མཆོངས་ཏེ་རང་སྲོག་བློས་གཏོང་བྱེད་རྩིས་བྱས་འདུག

ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་མགོན་པོ་སྐྱིད་ལགས་ཀྱིས་རང་ཉིད་ཀྱི་གཅུང་པོ་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ལགས་ལ་ཐུག་འཕྲད་བྱ་ཆེད་ཞི་བའི་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་འོག་དམ་དྲག་བྱས་རྐྱེན། ཁོང་མོས་བསྐྱར་དུ་ཐོག་བརྩེགས་གཉིས་པ་ནས་མར་མཆོངས་ཏེ་རང་སྲོག་བློས་གཏོང་བྱེད་རྩིས་བྱས་རྗེས། རྐང་ལག་དང་སྐེད་པ་སོགས་སུ་གནོད་སྐྱོན་ཚབས་ཆེན་བྱུང་སྟེ་གཟུགས་པོ་འགུལ་སྐྱོད་བྱེད་མི་ཐུབ་པའི་གནས་སུ་ལྷུང་འདུག
ཁ་སང་ཕྱི་ཚེས་༥ ཉིན་ས་དཀར་བཀྲ་ཤིས་ལགས་ཀྱིས་ཨེག་སི (x) སྤྱི་ཚོགས་དྲ་ལམ་དུ་མགོན་པོ་སྐྱིད་ལགས་ཀྱི་བརྙན་ཞིག་སྤེལ་ཡོད་པའི་ནང་། ཐེངས་འདིར་མགོན་པོ་སྐྱིད་ལགས་ཀྱི་རྐང་ལག་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་ཀྱང་། རྒྱ་ནག་གཞུང་གིས་གནོད་སྐྱོན་དེ་དག་སྐས་འཛེགས་ཏེ་འདྲུད་བརྡར་བྱུང་རྐྱེན་བྱུང་བ་ཞིག་ཡིན་སྐོར་བརྗོད་ཡོད་འདུག
ཕྱི་ཟླ་ ༨ ཚེས་ ༡༨ ཉིན་མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་བོད་ཀྱི་རྒྱལ་ས་ལྷ་ས་རུ། ཚེ་བཙོན་འོག་ཡོད་པའི་རང་ཉིད་ཀྱི་གཅུང་པོ་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་ཐབས་སུ་ཞི་བའི་ལས་འགུལ་སྤེལ་ཡོད་ཀྱང་། རྒྱ་གཞུང་ཉེན་རྟོག་པ་སོགས་ཀྱིས་རྡུང་རྡེག་དང་འགྲོ་འདུག་སོགས་ཀྱི་རང་དབང་ལ་དམ་དྲག་བྱས་ཏེ་གཡག་མགྲོན་ཁང་དུ་བཀག་ཉར་འོག་བཅུག་ཡོད་རྐྱེན། མགོན་པོ་སྐྱིད་ལགས་གཡག་མགྲོན་ཁང་གི་ཐོག་བརྩེགས་གཉིས་པ་ནས་མཆོངས་ཏེ་རང་སྲོག་བློས་གཏོང་བྱེད་རྩིས་བྱས་པ་དང། སྐབས་དེར་ཁོང་མོའི་སྒལ་ཚིགས་དང་རྐང་ལག་གཉིས་ལ་ཆག་སྐྱོན་བྱུང་ནས་ཛ་དྲག་གི་གནས་སྟངས་བྱུང་ཡོད་ལ། རྒྱ་གཞུང་་ཉེན་རྟོག་པས་ཁོང་མོ་མྱུར་སྐྱོབ་སྨན་བཅོས་བྱེད་པར་མངགས་གཏོང་བྱས་མེད་པ་རེད།
རྡོ་རྗེ་བཀྲ་ཤིས་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་ཏེ། ཕྱི་ལོ་ ༢༠༢༠ ལོར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༡༠ དང་ ༡༦། ཟླ་ ༧ ཚེས་ ༥ དང་ ༡༣། ཕྱི་ཟླ་ ༨ ཚེས་ ༢། ཕྱི་ཟླ་ ༨ ཚེས་ ༢༥ ། ཕྱི་ཟླ་ ༡༢ ཚེས་ ༡༣ བཅས་སུ་མགོན་པོ་སྐྱིད་ལགས་ཀྱི་གཙོ་བྱས་པའི་བཟའ་ཟླ་ཆོས་སྐྱོང་། རྡོ་རྗེ་ཚེ་བརྟན་བཅས་ཀྱིས་ལྷ་ས་འབྲིང་རིམ་མི་མང་ཁྲིམས་ཁང་དང་ཉེན་རྟོག་ལས་ཁུངས་སོགས་ཀྱི་མདུན་ནས་སྔ་གཞུག་ཏུ་ཐེངས་ ༧ ལྷག་ལ་ཟས་བཅད་ངོ་རྒོལ་དང་རྐྱང་ཕྱག་འཚལ་བ་སོགས་བྱས་ནས་ཞུ་འབོད་ལས་འགུལ་སྤེལ་བར་བརྟེན། ཞི་བའི་ལས་འགུལ་མཐའ་མའི་སྐབས་རྒྱ་གཞུང་གིས་མགོན་པོ་སྐྱིད་ལགས་ཉིན་གྲངས་དགུའི་རིང་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། ཁོང་གི་བཟའ་ཟླ་ཆོས་སྐྱོང་ལགས་ཉིན་གྲངས་ལྔའི་རིང་བཀག་ཉར་བྱས་ཏེ་ཕྱིས་སུ་ཀློད་གྲོལ་བཏང་ཡོད་འདུག ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༢ ཚེས་ ༢༠ ཉིན་དང་། ཟླ་ ༣ ཚེས་ ༡༤ ། ཟླ་ ༥ ཚེས་ ༡༠ དང་ ༢༨ སོགས་སུ་རྣམ་པ་འདྲ་མིན་གྱི་ཐོག་ནས་ཞི་རྒོལ་ལས་འགུལ་སྤེལ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཁོང་མོའི་ཁྲིམས་མཐུན་གྱི་ཞུ་འབོད་ལ་ངོས་ལེན་མེད་ཁར་སྣང་མེད་དུ་བཏང་སྟེ། ཉེན་རྟོག་པ་སོགས་ཀྱིས་ཁོང་མོར་གཅར་རྡུང་བཏང་མྱོང་ཡོད།
ཕྱི་ལོ་ ༢༠༠༨ ལོར་བོད་ནང་གི་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་རྡོ་རྗེ་བཀྲ་ཤིས་ལགས་མཉམ་ཞུགས་དང་སྐུལ་སློང་བྱས་པའི་མ་ཉེས་ཁ་གཡོགས་ཀྱིས་ཟླ་མང་པོའི་རིང་འཛིན་བཟུང་བྱས་ཏེ་མནར་གཅོད་བཏང་། ཁོང་དང་ལྷན་དུ་ཕུ་བོ་རྡོ་རྗེ་ཚེ་བརྟན་ལགས་ཀྱང་འཛིན་བཟུང་བྱས་ནས་ལོ་གཉིས་ཙམ་རིང་བཀག་ཉར་བྱས་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་ས་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་གསང་བའི་ཁྲིམས་བཤེར་བྱས་ཏེ་རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་རྡོ་རྗེ་ཚེ་བརྟན་ལགས་སུ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད། ཕྱིས་སུ་རྡོ་རྗེ་ཚེ་བརྟན་ལགས་ཀློད་གྲོལ་བཏང་ཡོད། འོན་ཀྱང་། ད་ལྟའི་ཆར་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིར་ཁྲིམས་རྩོད་པར་ཐུག་འཕྲད་ཀྱིས་ཞུ་གཏུགས་བྱེད་པའི་ཐོབ་ཐང་དང་རྡོ་རྗེ་བཀྲ་ཤིས་ལགས་སུའང་བཙོན་ཁང་དུ་ཐུག་འཕྲད་ཙམ་ཡང་བྱེད་དུ་འཇུག་གི་མེད་པ་རེད།
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





