རྒྱ་ནག་ཧྲང་ཧེ་གནམ་ཐང་གི་ལས་བྱེད་པས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པའི་པདྨ་དབང་འཛོམས་ཞེས་པའི་བུད་མེད་ཅིག་གི་རྒྱ་གར་གྱི་མི་སེར་ལག་ཁྱེར་ཁྲིམས་འགལ་ཡིན་ལུགས་བརྗོད་དེ་བཀག་འགོག་བྱས་པ་མ་ཟད་སྡིགས་དམོད་བྱས་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཁུལ་གྱི་ཡུལ་མི་རྣམས་རྒྱ་ནག་ཏུ་འགྲོ་བར་ཡིག་ཆའི་ཐོག་ནས་དཀའ་རྙོག་བཟོ་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་ཞིང་དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་པདྨ་དབང་འཛོམས་(Pema Wangjom ) ཞེས་པའི་བུད་མེད་ཅིག་རྒྱ་ནག་ཧྲང་ཧེ་གནམ་ཐང་བརྒྱུད་ཉི་ཧོང་དུ་འགྲོ་སྐབས། གནམ་ཐང་གི་ལས་བྱེད་པས་ཁོང་མོ་གནམ་ཐང་དུ་ཆུ་ཚོད་འགར་བཀག་འགོག་བྱས་ཏེ། ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་ནག་གི་ས་ཁོངས་ཡིན་པས། ཁོང་མོས་འཁུར་བའི་རྒྱ་གར་གྱི་མི་སེར་ལག་ཁྱེར་དེ་ཁྲིམས་མཐུན་མིན་ལུགས་སོགས་བརྗོད་ཡོད་འདུག
གནད་དོན་དེའི་ཐད་པདྨ་དབང་འཛོམས་ལགས་ཀྱིས། ངས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་རྒྱ་གར་མི་སེར་ལག་ཁྱེར་ཡར་སྤྲད་ནས་མར་སྤྲོད་རྒྱུར་སྒུག་བསྡད་པའི་སྐབས། ལས་བྱེད་ཅིག་གིས་ངའི་མིང་ནས་འབོད་ཞོར། རྒྱ་གར། རྒྱ་གར་ཞེས་ང་རང་མི་ཚོགས་ཀྱི་དཀྱིལ་ནས་ཐེར་འདོན་བྱས་སོང་། དེ་ནས་ལས་བྱེད་བུད་མེད་དེས་ང་གནམ་ཐང་གི་འགྲིམ་འགྲུལ་ལས་ཁུངས་(immigration desk) སུ་འཁྲིད་དེ། ཨ་རུ་ན་ཅལ་ནི་རྒྱ་ནག་གི་ཆ་ཤས་ཡིན་པས། ཁྱེད་རང་གི་ལག་ཁྱེར་ཁྲིམས་མཐུན་རེད་མི་འདུག་ལབ་པ་མ་ཟད། རྒྱ་ནག་ཤར་རྒྱུད་མཁའ་ལམ( China Eastern Airlines )གྱི་ལས་བྱེད་ཚོས། ཁོང་མོས་རྒྱ་ནག་གི་མི་སེར་ལག་ཁྱེར་བཟོ་བར་ཐོ་འགོད་བྱ་དགོས་ལུགས་སོགས་བརྗོད་དེ་སྡིགས་དམོད་བྱས་ཡོད་སྐོར་བརྗོད་འདུག
ཧྲང་ཧེ་གནམ་ཐང་གི་ལས་བྱེད་དེ་དག་གིས་ཁོང་མོའི་ལག་ཁྱེར་དང་འཛིན་བྱང་སོགས་དུས་ཐོག་མ་སྤྲད་པའི་རྐྱེན་གྱིས། ཁོང་མོའི་ཉི་ཧོང་དུ་བསྐྱོད་པའི་གནམ་གྲུ་ཤོར་སོང་བ་མ་ཟད། གནམ་ཐང་དུ་འཛིན་བྱང་བསྐྱར་དུ་ཉོ་མ་ཐུབ་པ་དང་། གནམ་ཐང་དུ་ཟ་མ་ཟ་བ་དང་སྐོར་གཡེང་སོགས་བྱེད་དུ་བཅུག་མེད་པ་རེད། ཧྲང་ཧེ་གནམ་ཐང་གི་ལས་བྱེད་ཀྱིས། གལ་ཏེ་ཁོང་མོས་རྒྱ་ནག་མཁའ་འགྲུལ་ཁང་ནས་འཛིན་བྱང་བསྐྱར་དུ་མ་ཉོས་ཚེ། ཕྱི་སྐྱོད་ལག་ཁྱེར་ཕྱིར་སྤྲོད་རྒྱུ་མིན་ལུགས་ཀྱི་བརྡ་བསྟན་ནས་འཇིགས་སྐུལ་བྱས་འདུག་ཀྱང་། དབྱིན་ཡུལ་དུ་གནས་སྡོད་ཁོང་མོའི་གྲོགས་མོ་ཞིག་གིས་ཧྲང་ཧེ་གྲོང་ཁྱེར་གྱི་རྒྱ་གར་གཞུང་ཚབ་ཁང་གི་ལས་བྱེད་ལ་འབྲེལ་བ་བྱས་ཏེ་ལམ་འཇུག་བྱས་ཡོད་འདུག
པདྨ་དབང་འཛོམས་ལགས་ཀྱིས། རྒྱ་གར་གྱི་སྲིད་བློན་སྐུ་ཞབས་མུ་དྷི་མཆོག་གིས་དབུས་རྒྱ་གར་གྱི་ཆེས་མཐོའི་མི་སྣ་རྣམས་ལ་གནད་དོན་དེ་དང་འབྲེལ་བའི་རེ་སྐུལ་ཞུ་ཡིག་ཅིག་ཕུལ་བའི་ནང་། ད་ལན་རྒྱ་ནག་ཏུ་འདི་ལྟ་བུའི་གནད་དོན་ཞིག་བྱུང་དོན་ནི། རྒྱ་ནག་གཞུང་གིས་རྒྱ་གར་དང་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་མི་སེར་ལ་ཐད་ཀར་དམའ་འབེབས་བྱས་པ་ཞིག་ཡིན་པ་མ་ཟད། རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་རྒྱ་གར་བྱང་ཤར་གྱི་མི་སེར་ལ་དམ་དྲག་བྱས་པའི་གནད་དོན་གླེང་སློང་དང་། འབྲེལ་ཡོད་ལས་བྱེད་ལ་ཉེས་ཆད་གཅོད་དགོས་པ། དེ་བཞིན་མ་འོངས་པར་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡོང་མཁན་གྱི་རྒྱ་གར་བ་ཚོ་རྒྱལ་སྤྱིའི་འགྲུལ་བཞུད་སྐབས་དཀའ་ངལ་མི་འཕྲད་རྒྱུར་འགན་ལེན་དགོས་པའི་རེ་སྐུལ་ཞུས་འདུག

རྒྱ་ནག་གཞུང་གིས་རྒྱ་གར་བྱ་ཤར་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བརྗོད་དེ། རྒྱ་ནག་དམངས་སྲིད་ལྷན་ཁང་(Ministry of Civil Affairs) གིས་ཨ་རུ་ན་ཅལ་གྱི་རི་ཆུ་དང་། མི་མང་སྡོད་གནས་སོགས་ལ་མིང་གསར་པ་བཏགས་ཏེ། རྒྱ་ནག་གི་ཆ་ཤས་ཡིན་པའི་ཧམ་བཤད་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ཧང་ཀྲུའུ་རུ་བསྡུས་པའི་ཨེ་ཤ་ཡའི་རྩེད་འགྲན་སྐབས་ཉི་མ་དབང་ཕྱུག(Nyeman Wangsu) དང་། ཨུ་ནི་ལུ་ཊི་གྷ་(Nyeman Wangsu)། མི་པུང་ལམ་དགུ་(Mepung Lamgu) བཅས་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པའི་བུད་མེད་ལུས་རྩལ་བ་གསུམ་གྱིས་རྒྱ་གར་གྱི་སྐུ་ཚབ་བྱས་ཏེ་རྩེད་འགྲན་ནང་ཞུགས་རྩིས་བྱེད་སྐབས། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་རྒྱ་ནག་གི་མངའ་ཁོངས་ཡིན་པའི་ངོས་འཛིན་འཁྱོག་བརྗོད་འོག ཁོང་ཚོར་ཐམ་ཀ་མེད་པའི་སྐབས་འཕྲལ་ཐོངས་མཆན་(stapled visa)ཞེས་པ་ཞིག་སྤྲད་ཡོད་པ་དང་། དེ་ནི་ཕྱི་སྐྱོད་ལག་འཁྱེར་ནང་ཐམ་ཀ་མ་བརྒྱབ་པར་ཤོག་བུ་འཕར་མ་ཞིག་ལག་འཁྱེར་ངོས་སུ་མཉམ་སྦྱར་བྱས་པ་ཞིག་ཡིན་སྟབས། རྒྱ་གར་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད་པ་རེད། གནད་དོན་དེ་བྱུང་བ་ཐེངས་དང་པོ་མ་ཡིན་པར་ཕྱི་ལོ་ ༢༠༡༡ ལོ་ལའང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅལ་ནས་ཡིན་པའི་རྒྱ་གར་ཀ་ར་ཊེ་(Karate) དང་མདའ་རྩེད་པ་རྣམས་ལ་རྒྱུན་ལྡན་མ་ཡིན་པའི་ཐོངས་མཆན་དེ་སྤྲད་པར་བརྟེན་རྒྱ་གར་གཞུང་གིས་ངོས་ལེན་བྱས་མེད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





