བོད་ཀྱི་གཏོང་ལེན་དགེ་རྩ་ཚོགས་པས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཆ་ཤས་སུ་རིགས་ལམ་འཇུག་པའི་སྒོ་ཞེས་པའི་སློབ་དེབ་ཅིག་དབུ་འབྱེད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ པ་ཙམ་ལ་དྷོ་ལ་དྷར་གསོལ་མགྲོན་ཁང་དུ། བོད་ཀྱི་གཏོང་ལེན་དགེ་རྩ་ཚོགས་པའི་གོ་སྒྲིག་འོག རིགས་ལམ་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་བའི་མཛད་སྒོའི་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཧི་མ་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་རོ་ཧི་ཏུ་ཐཱ་ཀོར་མཆོག་གི་དབུས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་འཆི་མེད་རིག་འཛིན་མཆོག་དང་འཇམ་དཔལ་ལྷུན་འགྲུབ་མཆོག་རྣམ་གཉིས། ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་མཆོག་དང་གཏོང་ལེན་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་འཛོམས་འདུག
སྐབས་དེར་གཏོང་ལེན་དགེ་རྩ་ཚོགས་པའི་འགན་འཛིན་བློ་བཟང་འཇམ་དབྱངས་ལགས་ཀྱིས། དེ་རིང་ཁྱེད་ཅག་དམིགས་བསལ་དང་དོན་སྙིང་ལྡན་པའི་བྱེད་སྒོ་འདིར་འཛོམས་ཐུབ་པ་དེ་ངའི་གཟི་བརྗིད་ཆེན་པོ་ཞིག་རེད། ༸གོང་ས་མཆོག་གི་བཀའ་སློབ་དང་སྙིང་རྗེའི་ཐུགས་དགོངས་འོག་གཏོང་ལེན་དགེ་རྩ་ཚོགས་པས་འདས་པའི་ལོ་ངོ་ ༢༠ ལྷག་གི་རིང་ལ་ཧི་མ་ཅལ་མངའ་སྡེའི་དབུལ་ཕོངས་མི་རིགས་ཡར་རྒྱས་གཏོང་བའི་ལས་དོན་སྤེལ་དང་སྤེལ་བཞིན་ཡོད། རྒྱ་གར་གྱི་བྱམས་སྐྱོང་འོག་བོད་མི་སྟོང་ཕྲག་མང་པོའི་འཚོ་གནས་ལ་ཕན་ཐོགས་རླབས་ཆེན་བྱུང་ཡོད་པས། གཏོང་ལེན་གྱིས་རྒྱ་གར་གཞུང་ལ་བཀའ་དྲིན་མཚོན་སླད་དུ། ཧི་མ་ཅལ་གྱི་དབུལ་ཕོངས་ཚོར་ཤེས་ཡོན་དང་འཕྲོད་བསྟེན། འཚོ་བའི་བདེ་དོན་སོགས་ཀྱི་ཐོག་རོགས་འདེགས་ཞུ་བཞིན་ཡོད།
དེ་རིང་ང་ཚོ་འདིར་འཛོམས་ནས་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་ལས་རྒྱ་གར་གྱི་གནའ་བོའི་རིག་གཞུང་བསྐྱར་གསོའི་ཆ་ཤས་སུ། ང་ཚོས་གསར་དུ་བསྒྱུར་བའི་ཧིན་སྐད་རིགས་ལམ་འཇུག་པའི་སྒོ་ཞེས་པ་དབུ་འབྱེད་གནང་གི་ཡོད། དཔེ་དེབ་འདི་ནི་གཏོང་ལེན་གྱི་ངོས་ནས་ཆེད་དུ་༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་པའི་ཆ་ཤས་སུ་སློབ་ཕྲུག་ས་ཡ་མང་པོར་ཕན་ཐོགས་པའི་ཞབས་འདེགས་སུ་ཕུལ་བ་ཡིན།
རྒྱ་གར་ནང་ལོ་ངོ་སྟོང་ཕྲག་གཉིས་ཀྱི་གོང་ནས་རིགས་ལམ་གྱི་གཞུང་སྲོལ་དར་ཡོད་པ་དང་། དེ་ནས་དུས་རབས་མང་པོའི་རིང་བོད་ཀྱི་དགོན་སྡེའི་སློབ་གསོའི་ནང་རིགས་ལམ་ལ་ལེགས་བཅོས་དང་སྲུང་སྐྱོབ་བྱས་ནས་ཡོང་ཡོད་ཀྱང་། རིགས་ལམ་གྱི་རྩ་བ་དེ་རྒྱ་གར་གྱི་གཞུང་ལུགས་ནང་གནས་བསྡད་ཡོད་སྟབས། ང་ཚོའི་འདོད་པ་ནི་ཤེས་ཡོན་གྱི་སྲོལ་རྒྱུན་གཏིང་ཟབ་པོ་འདི་རྒྱ་གར་གྱི་དེང་རབས་ཤེས་ཡོན་ནང་སླར་ཡང་འཁྱེར་བར་རོགས་རམ་བྱེད་རྒྱུ་དེ་རེད།
རིགས་ལམ་བརྒྱུད་བསམ་བློ་གཏིང་ཟབ་དང་དབྱེ་ཞིབ་བྱེད་པ། དངོས་དོན་གནས་ལུགས་གང་ཡིན་ཇི་བཞིན་རྟོགས་པར་བྱེད་པ་མ་ཟད། འགྱུར་ལྡོག་ཧ་ཅང་ཆེ་བའི་འཛམ་གླིང་ནང་མེད་དུ་མི་རུང་བའི་དཀའ་ངལ་སེལ་ཐུབ་ཐབས་དང་། རྒྱུ་མཚན་ཡང་དག་ལུང་འདྲེན་པ། གསར་བཏོད་དང་དག་སེལ་བྱེད་པའི་ནུས་པ་སོགས་ཡོད་ལ། གལ་ཆེ་ཤོས་ནི་སྙིང་རྗེ་དང་། རྣམ་དཔྱོད། དེ་བཞིན་ཚེ་སྲོག་ཚང་མ་ཕན་ཚུན་གཅིག་རྟེན་ཡིན་པའི་རང་བཞིན་མཐོང་བའི་ནུས་པ་སོགས་གསོ་སྐྱོང་བྱེད་ཀྱི་ཡོད་པས། རིགས་ལམ་འདི་ནི་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་གསར་པ་དང་ཡང་དག་པར་མཐུན་པོ་ཡོད། ཅེས་གསུངས་སོང་།
གསར་འགོད་པ། སྐལ་བཟང་སྦྱིན་པ།




