རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་དང་ལྷན་དུ་བོད་དོན་གླེང་སློང་དགོས་པའི་འབོད་སྐུལ་ཞུས་འདུག

ཁ་སང་ཕྱི་ཚེས་ ༣ ནས་ ༥ བར་ཉིན་གྲངས་གསུམ་གྱི་རིང་ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་ (Emmanuel Macron) ལགས་རྒྱ་ནག་ནང་སྐོར་སྐྱོད་གནང་བཞིན་ཡོད་པ་དང་། རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཡར་རྒྱས་གཏོང་ཕྱོགས་དང་། ཨུ་རུ་སུ་དང་ཡུ་ཁུ་རེན་བར་གྱི་དམག་འཁྲུག་སྐོར་གླེང་སློང་བྱེད་མུས་ཡིན་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། རང་དབང་ཅན་གྱི་རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོས་དུས་ཡུན་རིང་པོར་དྲག་གནོན་འོག་ཚུད་པའི་མི་མང་གི་ཆེད་དུ་སྐད་ཆ་བཤད་རྒྱུའི་འགན་འཁུར་བླངས་ཡོད་པ་ལྟར། སྲིད་འཛིན་མེག་ཁོ་རོན་ལགས་ཀྱིས་འགན་འཁུར་དེ་བཞེས་ཏེ་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་དང་ལྷན་དུ་བོད་ཀྱི་གནས་སྟངས་དང་། ཁྲིམས་འགལ་གྱིས་བཙོན་འཇུག་བྱས་པའི་བོད་མི་རྣམས་ཀྱི་གནས་སྟངས་ཐད་འདྲི་བརྩད་བྱེད་དགོས་པ་མ་ཟད། ༸གོང་ས་མཆོག་དང་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་བྱ་རྒྱུར་སྐུལ་མ་གཏོང་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་བརྗོད་འདུག
ཁ་སང་ཕྱི་ཚེས་ ༣ ཉིན་གྱི་ཕྱི་དྲོར་ཧྥ་རན་སིའི་སྲིད་འཛིན་མེག་ཁོ་རོན་ལགས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འབྱོར་ཡོད་འདུག་ལ། ཉེ་བའི་ཆར་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཐད་དཀའ་ངལ་ཤུགས་ཆེན་འཕྲད་ཀྱི་ཡོད་པར་བརྟེན། ཐེངས་འདིའི་སྐོར་སྐྱོད་བྱས་པ་བརྒྱུད་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུ་དང་། ཨུ་རུ་སུ་དང་ཡུ་ཁུ་རེན་བར་གྱི་དམག་འཁྲུག་མཚམས་འཇོག་ཡོང་རྒྱུའི་ཐད་གླེང་སློང་བྱེད་བཞིན་འདུག

དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅེན་ (Lin Jian) གྱིས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། རྒྱ་ནག་དང་ཡུ་རོབ་བར་གྱི་འབྲེལ་བ་སྲ་བརྟན་དང་ཡར་རྒྱས་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་ཇུས་འགན་འཛིན་ཝིན་སེན་ཊི་ (Vinent Metten) ལགས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ཆབ་སྲིད་ཀྱི་ཛ་དྲག་གི་གནས་སྟངས་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། སྲིད་འཛིན་མེག་ཁོ་རོན་ལགས་ཀྱི་འཚམས་གཟིགས་འདི་ནི་བོད་ལ་མཚོན་ན་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། ཧྥ་རན་སི་རྒྱལ་ཁབ་ནི་ཡུ་རོབ་མཐུན་ཚོགས་ཀྱི་སྣེ་ཁྲིད་རྒྱལ་ཁབ་ཅིག་ཡིན་པའི་ཆ་ནས། སྲིད་འཛིན་གྱི་རྒྱ་ནག་གི་སྐོར་སྐྱོད་ཁྲོད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་དབང་སྒྱུར་ནི་ཆེས་གནད་འགག་ཆགས་ཀྱི་ཡོད་པ་གསལ་སྟོན་བྱ་རྒྱུའི་འགན་དམིགས་བསལ་ཡོད་པ་རེད། ཅེས་གསུངས་འདུག
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་དང་ལྷན་དུ་བོད་ནང་གི་གནས་སྟངས་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པའི་ཐད་གླེང་སློང་དགོས་པ་དང་། རྒྱ་ནག་གི་དཔོན་རིགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཁོང་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་དགོས་པ། ཐེངས་འདིའི་ཧྥ་རན་སིའི་སྲིད་འཛིན་གྱི་སྐོར་སྐྱོད་ཁྲོད། ཁྲིན་ཏུའུ་དང་ཟི་ཁྲོན་སོགས་བོད་ཀྱི་ས་གནས་ཁག་ཏུ་སྐོར་སྐྱོད་གནང་གི་ཡོད་པར་བརྟེན། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་དང་། རྒྱ་གཞུང་གིས་བཙན་གྱིས་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པ་སོགས་ལ་བརྟེན་ནས་བོད་ཀྱི་རིག་གཞུང་དང་ངོ་བོ་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པ་ཐེར་འདོན་གནང་དགོས་པའི་འབོད་སྐུལ་ཞུས་འདུག
ལས་འགུལ་ཁང་གིས། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༡ ཉིན་རྒྱ་ནག་གཞུང་གིས་བོད་ནང་གི་གནས་སྟངས་དང་བོད་མིའི་ཐོབ་ཐང་ཐད་བསམ་ཚུལ་བཤད་པའི་རྐྱེན་གྱིས་འཛིན་བཟུང་བྱས་པའི་རྒྱ་རིགས་སློབ་མ་ཀྲང་ཡ་ཏི་ (Zhang Yadi) གང་མགྱོགས་ཀློད་གྲོལ་དགོས་པ་དང་། ཁོང་མོ་བཀག་ཉར་བྱས་པ་དེས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་ཡོད་པར་བརྟེན། སྲིད་འཛིན་མེག་ཁོ་རོན་ལགས་ཀྱིས་གནད་དོན་དེ་གླེང་སློང་བྱས་ཏེ། ཁྲིམས་མཐུན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་ཞུས་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ།




