མདོ་སྨད་སྤྱི་འཐུས་ལས་ཐོག་ཚེ་རིང་ལྷ་མོ་སྐབས་ ༡༨ པའི་སྤྱི་འཐུས་འོས་མིར་ཞུགས་རྒྱུ་མིན་པའི་གསལ་བསྒྲགས།
སྤྱི་ནོར་ ༸ གོང་ས་ ༸ རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་བརྩེའི་ལམ་སྟོན་དང་མང་གཙོའི་ཐུགས་དགོངས་ཟབ་མོའི་བྱིན་རླབས་འོག ང་རང་བོད་མི་མང་སྤྱི་འཐུས་སྐབས་ ༡༦ དང་ ༡༧ གཉིས་སུ་འདེམས་ཐོན་བྱུང་སྟེ། བོད་ཀྱི་བདེན་དོན་འཐབ་རྩོད་དང་བོད་མིའི་བདེ་སྡུག་གི་ཆེད་དུ་ལྷག་བསམ་ཟོལ་མེད་དང་། དྲང་ཚུགས་བརྟན་པོའི་སྒོ་ནས་འགན་འཁྲི་དང་དུ་བླངས་ཏེ། རང་ནུས་གང་ཡོད་ཀྱིས་འབད་བརྩོན་བྱས་པ་ཡིན།
ད་ལྟ་སྐབས་ ༡༧ པའི་གྲོས་ཚོགས་ཀྱི་དུས་ཡུན་རྫོགས་ལ་ཉེ་བ་དང་། སྐབས་ ༡༨ པའི་སྤྱི་འཐུས་ཀྱི་འོས་བསྡུ་འགོ་འཛུགས་བཞིན་པའི་སྐབས་སུ། རང་ཉིད་ལ་རྒྱབ་སྐྱོར་གནང་མཁན་མང་པོ་ཞིག་ནས་སླར་ཡང་སྐབས་རྗེས་མའི་སྤྱི་འཐུས་འོས་མིར་ལང་དགོས་པའི་རེ་བ་དང་སྐུལ་མ་གནང་བར་འདི་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་གཅིག གུས་མོ་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མིར་ཞུགས་རྒྱུ་མིན་པ་ཐག་གཅོད་བྱས་པ་ཡིན།
ཐག་གཅོད་འདི་ནི་རང་ཉིད་བོད་ཀྱི་བདེན་དོན་འཐབ་རྩོད་ལ་སེམས་ཤུགས་ཉམས་པ་མ་ཡིན་པར། གཞོན་སྐྱེས་ཤེས་ཡོན་ལྡན་ཞིང་འཇོན་ནུས་ཡོད་པ་དང། ཁོག་རྒྱ་ཆེ་ཞིང་མཐོང་རྒྱ་ཡངས་པ། འགན་ཁུར་གྱི་སྤོབས་པ་ཡོད་པའི་གསོན་ཤུགས་ཅན་གྱི་མི་རབས་གསར་བ་གང་མང་ཞིག་གྲོས་ཚོགས་ནང་དུ་སླེབས་ཐུབ་པའི་ཆེད་དུ་ཡིན་ན། དེ་ལྟར་ཡོང་བའི་རེ་སྐུལ་དང་སྨོན་འདུན་སྙིང་ནས་ཞུ།
ཚང་མ་ལ་ཁ་དྲོ། བཀྲ་ཤིས། ། ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༡༢ ཚེས་ ༢༤ ལ།





