ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་རྨང་གཞིའི་འཛུགས་སྐྲུན་དུ་གྱུར་བའི་ཤིང་བཀོད་ཀྱི་རིགས་ད་སྔ་བར་ངོས་འཛིན་མེད་པའི་འབུ་རིགས་ཤིག་གིས་བཟས་ཏེ་གནོད་སྐྱོན་བཟོས་དང་བཟོ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་འབྲེལ་གྱི་ཉིན་རེའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་ཞིབ་འཇུག་པ་ཚོས་ཕོ་བྲང་པོ་ཏ་ལའི་ཤིང་གི་བཟོ་བཀོད་ནང་འབུ་སྲིན་རིགས་གསར་པ་ཞིག་ཡོད་པའི་ངོས་འཛིན་བྱུང་བ་དང་། སྔར་མེད་ཀྱི་འབུ་སྲིན་རིགས་གསར་པ་དེས་ཕོ་བྲང་པོ་ཏ་ལའི་རྨང་གཞིའི་ཤིང་གི་སྒྲིག་བཀོད་ཁག་བཟས་ཏེ་ཉེན་ཁ་བསྐྲུན་གྱི་ཡོད་སྐོར་བརྗོད་འདུག་ལ། ད་ལྟ་སྔར་མེད་ཀྱི་འབུ་སྲིན་རིགས་དེ་རྒྱལ་སྤྱིའི་སྲོག་ཆགས་རིག་པའི་དཔེ་དེབ་ནང་བཀོད་ཡོད་ཅིང་། དེས་ཤིང་འབུ་རིགས་ཀྱི་སྣ་མང་རང་བཞིན་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་ཁོར་ཡུག་ནང་དུའང་ཕན་ཐོགས་ཡོད་སྐོར་སོགས་བརྗོད་འདུག
རྒྱ་ནག་གི་ཚན་རིག་པ་ཚོས་འབུ་སྲིན་དེའི་མིང་ལ་ལྷ་ས་ལ་པོ་ཏ་ལ་ཞེས་བཏགས་ཡོད་པ་དང་། དེའི་ཚད་གཞིར་མི་ཊར་ ༤།༨ ནས་ ༦།༩ བར་ཡོད་པའི་འབུ་སྲིན་དམར་སེར་ཆུང་ཆུང་ཞིག་ཡིན་པ་མ་ཟད། འབུ་སྲིན་དེ་རྒྱལ་ས་ལྷ་སའི་ལོ་རྒྱུས་རང་བཞིན་གྱི་ས་གནས་གཞན་དག་ཏུའང་རྙེད་ཡོད་སྐོར་བརྗོད་འདུག་ནའང་། ད་ལྟ་ལྷ་སའི་གནས་ཆེན་ཁག་གང་དག་ཏུ་འབུ་སྲིན་དེས་དཀའ་ངལ་བཟོ་ཡི་ཡོད་མེད་སོགས་གང་ཡང་གསལ་ཁ་བྱས་མི་འདུག
ཐེངས་འདིའི་ཞིབ་འཇུག་དེ་ནི་ནི་པེ་ཅིང་སློབ་ཆེན་དང་། བོད་ཀྱི་མཐོ་སྒང་སྐྱེ་དངོས་རིག་པའི་ཞིབ་འཇུག་ཁང་། དེ་བཞིན་པོ་ཏ་ལ་དོ་དམ་ལས་ཁུངས་བཅས་ཀྱི་མཉམ་འབྲེལ་འབད་བརྩོན་ཞིག་ཡིན་པར་བརྗོད། ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོའི་དུས་རབས་བདུན་པའི་ནང་བོད་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བཞེངས། དུས་རབས་ ༡༧ པའི་དཀྱིལ་ཙམ་ནས་བཟུང༸གོང་ས་སྐུ་ཕྲེང་རིམ་བྱོན་གྱི་དགུན་དུས་ཀྱི་བཞུགས་གནས་སུ་གྱུར། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་པ་ནས་བཟུང་། ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ཕོ་བྲང་ནང་གི་སྐུ་རྟེན་སོགས་རིག་དངོས་རྩ་ཆེན་མང་པོ་ཞིག་རྒྱ་ནག་ཏུ་དབོར་འདྲེན་བྱས་ཡོད་པ་ཉེ་རབས་བོད་ཀྱི་ལོ་རྒྱུས་ཁག་ཏུ་གསལ་ལ། ཕྱི་ལོ་ ༡༩༩༤ ལོར་ཕོ་བྲང་པོ་ཏ་ལ་འཛམ་གླིང་གི་རིག་དངོས་ཤུལ་བཞག་གི་ཐོ་ཁོངས་སུ་བཅུག་ཡོད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཕོ་བྲང་པ་ཏ་ལ་ནི་་ལོ་རེར་མི་མང་ས་ཡ་མང་པོ་འགྲོ་སའི་ཡུལ་སྐོར་སྤྲོ་འཆམ་གྱི་ས་གནས་ཤིག་ཏུ་བསྒྱུར་ཡོད་ཅིང་། ཉིན་རེར་ཆེས་མང་བའི་མི་གྲངས་ ༢༣༠༠ ནས་ ༥༠༠༠ བར་ཚད་བཀག་བཟོས་ཡོད་པའི་ཁྲོད་བོད་མི་རྣམས་ཀྱང་ཚུད་ཡོད་པ་རེད།
གསར་འགོད་པ། སྐལ་བཟང་སྦྱིན་པ།




