རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་སྙན་ཐོའི་ནང་འདས་ལོར་རྒྱ་ནག་གཞུང་གིས་བོད་དང་། ཤར་ཊུར་ཀི་སི་ཐན། ཧོང་ཀོང་བཅས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཤུགས་ཆེན་གཏོང་མུས་དང་། བོད་ནང་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སོགས་ཀྱི་ཐད་ལ་དམ་དྲག་ཆེན་པོ་བྱེད་མུས་ཡིན་སྐོར་སོགས་གསལ་འདུག

ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་གཏོར་དང་། བོད་མི་མང་པོ་ཞིག་ལ་ནག་ཉེས་སྣ་ཚོགས་གཡོགས་ནས་གང་བྱུང་འཛིན་བཟུང་བཀག་ཉར། གཅར་རྡུང་། དེ་བཞིན་བོད་ནང་གི་ས་གནས་མང་དག་ཅིག་ལ་དམ་དྲག་དང་། བོད་ཀྱི་སྒེར་གཉེར་སློབ་གྲྭ་ཁག་སྒོ་རྒྱག་པ། རྒྱ་ནག་གཞུང་གིས་མགོ་ཁྲིད་ཞི་ཅིན་ཕིན་གྱི་དགོངས་པ་ཟེར་བའི་དམར་པོའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད་པའི་སྙན་ཐོ་བཏོན་འདུག
སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལོགས་དང་། གྲངས་ཉུང་མི་རིགས་ཀྱི་ས་ཚིགས་ཁུལ་དུ་འཆར་གཞི་རང་བཞིན་ལྡན་པའི་ཐོག་ནས་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་ཐད་ལ་དམ་དྲག་དང་། ཕྱོགས་ཡོངས་ནས་སྒོ་རྒྱ་བསྡམས་ཏེ་ཚོད་འཛིན་ནན་མོ་བྱས་ཡོད་ཅིང་། ལྷག་པར་བོད་དང་། ཤར་ཊུར་ཀི་སི་ཐན། ཧོང་ཀོང་སོགས་སུ་དྲག་གནོན་རང་བཞིན་གྱི་ཐོག་ནས་ཚོད་འཛིན་ནན་མོ་བྱས་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་འདས་ལོར་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་འགལ་དུ་ལང་མཁན་གྱི་རྒྱ་ནག་དམངས་གཙོ་དོན་གཉེར་བ་གཙོས་ཁག་ཅིག་ལ་ནག་ཉེས་གཡོགས་ནས། འཛིན་བཟུང་བཀག་ཉར་དང་། བཙོན་འཇུག་ཁྲིམས་ཐག་བཅད་པ། དེ་བཞིན་གར་སོང་ཆ་མེད་དུ་གྱུར་བའི་རིགས་མང་དག་ཅིག་བྱུང་ཡོད་པའི་མུར། འདས་ལོའི་འཇར་འགོག་དམག་འཁྲུག་ལས་རྣམ་པར་རྒྱལ་ནས་མི་ལོ་ ༨༠ ལོན་པའི་མཛད་སྒོ་སོགས་ཀྱི་སྐབས་སུ། རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་དྲིལ་བསྒྲགས་ཤུགས་ཆེན་དང་། ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེན་བྱས་ཡོད་སྐོར་གསལ་འདུག
བོད་ནང་གི་གནས་བབ་དང་འབྲེལ་ནས་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱེད་མུས་ཡིན་པའི་ཁྲོད། བོད་ཀྱི་སྐད་ཡིག་དང་རིག་གཞུང་དར་སྤེལ་གཏོང་བའི་སློབ་གྲྭ་ཁག་སྒོ་རྒྱག་པ་དང་། བོད་ཀྱི་ཤེས་ཡོན་པ་རྣམས་ལ་སུན་གཙེར་དང་བཀག་ཉར་བྱས་ཡོད་ཅིང་། འདས་ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་བོད་ཀྱི་རྒྱལ་ས་ལྷ་སར་འགྲོ་དུས་ཀྱང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་དང་མཐུན་པར་འགྱུར་དགོས་ལུགས་བཤད་ཡོད་པས། དེས་ཆོས་ལུགས་ཐོག་རྒྱ་ནག་གཞུང་གིས་ཐེ་ཇུས་སྔར་ལས་ཤུགས་ཆེ་རུ་འགྲོ་བཞིན་པ་མཚོན་ཡོད། དེ་བཞིན་འདས་ལོའི་ཕྱི་ཟླ་ ༧ པར་རྒྱལ་སྤྱིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་སྲུང་གཙི་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་གོ་སྟོན་སྐབས་དམིགས་བསལ་བོད་ནང་གི་རྔ་བ་ཀིརྟི་དགོན་དང་། གཙང་དགོན་པ་སོགས་སུ་དམ་དྲག་བྱས་རྐྱེན། གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བཅད་ཡོད། འདས་ལོའི་ཕྱི་ཟླ་ ༣ པར་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་ཝེ་ཐི་ནམ་དུ་སྐུ་གཤེགས་པའི་དོན་རྐྱེན་དེས། རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་གསལ་སྟོན་བྱས་ཡོད། ཅེས་གསལ་འདུག
ཡང་སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་རྒྱལ་ཡོངས་སུ་ཆོས་ལུགས་ཆེན་མོ་ལྔར་དབྱེ་ནས། འཛིན་སྐྱོང་དང་བྱེད་སྒོ་རྣམས་ལ་དམ་དྲག དེ་བཞིན་དགོན་སྡེ་ཁག་ཏུ་མི་སྣ་བསྐོ་གཞག་སོགས་ཀྱི་ཐོག་ཐེ་གཏོགས་དང་། པར་བསྐྲུན་དང་དངུལ་རྩིས་སོགས་ལའང་ལྟ་ཞིབ་བྱེད་ཀྱི་ཡོད་པ་མ་ཟད། ཉེན་རྟོག་པས་ཆོས་ལུགས་མི་སྣ་དང་ཚོགས་མི་རྣམས་ལ་སུན་གཙེར་དང་། འདས་ལོའི་ཕྱི་ཟླ་ ༤ ནང་ཞན་ཤིས་ཞིང་ཆེན་ (Shanxi province) གྱི་ཁྲིམས་ཁང་ཞིག་གིས་ལིན་ཕེན་ (Linfen) གསེར་གྱི་སྒྲོན་མེ་ཆོས་ཚོགས་ (Golden Lampstand Church) དང་འབྲེལ་བ་ཡོད་པའི་མི་བཅུ་གྲངས་ལྷག་ལ་མགོ་སྐོར་བཏང་བའི་ཉེས་མིང་འོག་ཁྲིམས་ཐག་བཅད་ཡོད་པ་རེད། ཆོས་ཚོགས་དེའི་དབུ་ཁྲིད་བླ་མ་ཝང་ཞའོ་གོང་ (Wang Xiaoguang) ལ་ལོ་དགུ་དང་ཟླ་བ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་གི་ཆུང་མ་དང་བླ་མ་ཡང་རོང་ལི་ (Yang Rongli) ལ་ལོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཕྱི་ཟླ་ ༧ ནང་རྒྱ་ནག་དབང་འཛིན་ལས་ཁུངས་ཀྱིས་ཡོངས་གྲགས་ཀྱི་བླ་མ་མ་ཞན་ཤི་ (Ma Xianshi) ཡང་ཀྲེ་ཅང་ཞིང་ཆེན་ནས་འཛིན་བཟུང་བྱས་ཏེ། ཁོར་ཏང་ལ་དགའ་ཞེན་མི་འདང་བའི་ནག་ཉེས་བསགས་ཡོད་ལུགས་བཤད་ཡོད། ཅེས་དང་། འདས་ལོར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ལོགས་ཀྱི་བུད་མེད་དང་། ཆོས་པ། དམངས་གཙོ་དོན་གཉེར་བ་རྣམས་ལ་གང་བྱུང་ཆགས་སྲེད་དང་། གཅར་རྡུང་། དྲག་གནོན་ཤུགས་ཆེན་བྱས་ཡོད་སྐོར་ཡང་གསལ་འདུག
གསར་འགོད་པ། དཔལ་ལྡན།
![Chinese President Xi Jinping formally removed Defense Minister Li Shangfu [left] and former Foreign Minister Qin Gang [right] from the State Council.](https://tibettimes.net/wp-content/uploads/2024/01/Qingang-and-Ling-Shangfu--360x180.jpg)


