༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཨ་རིའི་ནང་ཞི་བདེའི་གོམ་བགྲོད་གནང་མཁན་ནང་པའི་དགེ་འདུན་རྣམ་པར་གསུང་འཕྲིན་བསྩལ་བའི་ནང་གོམ་བགྲོད་དེ་ནི་ཆོས་ལུགས་ཉམས་ལེན་པ་ཚོས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་ཞབས་འདེགས་ཞུ་ཐུབ་པའི་དཔེ་མཚོན་ཞིག་ཆགས་ཡོད་ཅེས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཊི་སིའི་ལིན་ཁོན་དྲན་རྟེན་ཁང་(Lincoln Memorial) གི་མདུན་ཐང་དུ། ཨ་རིའི་ནང་ཞི་བདེ་ཆེད་གོམ་བགྲོད་གནང་མཁན་དགེ་འདུན་པ་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་ལེགས་པར་གྲུབ་པའི་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཞི་བདེའི་གོམ་བགྲོད་པར་བསྩལ་བའི་གསུང་འཕྲིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་ལགས་ཀྱིས་ཀློག་འདོན་གནང་ཡོད་པ་དང་། ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་གོམ་བགྲོད་པའི་སྣེ་ཁྲིད་པ་དགེ་འདུན་པ་བྷི་ཁུ་བྷ་ན་ཀཱ་རཱ་( Venerable Bhikkhu Pannakara )ལགས་ལ་ཕུལ་ཡོད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ནང་དུ། ངོས་ཀྱིས་ཨ་རིའི་མངའ་སྡེ་ཊེག་ས་ནས་རྒྱལ་ས་ཝ་ཤིང་ཊོན་ཌི་སི་བར་ཞི་བདེའི་ཆེད་དུ་གོམ་བགྲོད་གནང་མཁན་ནང་པའི་དགེ་འདུན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། དེ་ནི་རྒྱལ་ཁབ་ནང་ཁུལ་དུ་ཞི་བདེ་དང་། མཐུན་སྒྲིལ། བྱམས་བརྩེ་བཅས་གོང་འཕེལ་གཏོང་རྒྱུའི་དམིགས་པ་ཞིག་རེད། ཁོང་ཚོའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་། དཀའ་ཚེགས་ཆེ་བའི་གཟུགས་པོའི་དཀའ་ངལ། ལམ་ཐག་མེལ་ ༢༠༠༠ ལྷག་གི་དཀའ་ངལ་ཆེ་བའི་གནམ་གཤིས་ཀྱི་གནས་སྟངས་བཅས་ལ་གདོང་ལེན་བྱས་པར་ཨ་རི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཐོག་དོ་སྣང་ཆེན་པོ་བྱུང་ཡོད། ཁོང་ཚོའི་ཞི་འཇམ་གྱི་བཟང་སྤྱོད་ཀྱི་སྒོ་ནས་ཞི་བདེ་དང་ཕན་ཚུན་བསམ་ཤེས་ཀྱི་གོ་རྟོགས་སྤེལ་བར་ལམ་བར་དུ་འཕྲད་པའི་མི་མང་པོའི་སེམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་མ་ཟད། གསར་འགྱུར་བརྒྱུད་ལམ་ཁག་ཏུ་མངོན་གསལ་དུ་གྱུར་ཡོད། ཁོང་རྣམ་པའི་ལས་འགུལ་དེ་ནི་ཆོས་ལུགས་ཉམས་ལེན་པ་ཚོས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་མང་ཚོགས་ཀྱི་བགྲོ་གླེང་ལ་ལག་ལེན་དང་ཕན་ཐོགས་ཆེ་བའི་ཐོག་ནས་ཞབས་འདེགས་ཞུ་ཐུབ་པའི་དཔེ་མཚོན་ཞིག་ཆགས་ཡོད། ཁོང་རྣམ་པའི་ཐེངས་འདིའི་གོམ་བགྲོད་ཀྱིས་ཨ་རི་དང་འཛམ་གླིང་ཡོངས་སུ་ཞི་བདེ་དང་། བསམ་ཤེས། བྱམས་བརྩེ་བཅས་ཀྱི་ས་བོན་འདེབས་པར་རོགས་རམ་བྱས་ཡོད་པའི་སྨོན་འདུན་ཡོད། ཅེས་གསུངས་འདུག
ནང་པའི་དགེ་འདུན་པ་རྣམས་ཀྱི་ཞི་བདེའི་གོམ་བགྲོད་དེ་ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་ཊེག་སེ་སི་ (Texas) ནང་རྟེན་གཞི་བྱས་པའི་ཝེ་ཐི་ནམ་གྱི་ཧོང་དྷའོ་ནང་པའི་དགོན་པ་ (Huong Dao Buddhist Temple) ཡི་གོ་སྒྲིག་འོག ཊེག་སེ་སིའི་གྲོང་ཁྱེར་ཧྥོར་ཌི་ཝོར་ཐི་ (Fort Worth) ནས་ནང་པའི་དགེ་འདུན་པ་ ༡༩ ཡིས་ཨ་ལོ་ཀ་ (Aloka) ཟེར་བའི་ཁྱི་ཞིག་འཁྲིད་དེ་དངོས་སུ་མགོ་བརྩམས་ཏེ། ཨ་རིའི་ལྷོ་ཤར་གྱི་མངའ་སྡེ་ལུ་སི་ཡ་ན་(Louisiana) དང་། མི་སི་སི་པི། (Mississippi) ཨ་ལ་བྷ་མ་ (Alabama) དེ་བཞིན་ཇོར་ཇི་ཡ་(Georgia) སོགས་མངའ་སྡེ་ཁག་བརྒྱུད་ནས་ཕེབས་ཡོད་ཅིང་། དགེ་འདུན་པ་རྣམས་ཞོགས་པ་ཆུ་ཚོད་༦།༣༠ ཡར་ལངས་ཏེ་ཉིན་རེར་གོམ་བགྲོད་མེལ་(miles)ཉི་ཤུ་ལྷག་བྱས་ཡོད། ཉིན་གྲངས་ ༡༡༢ རིང་ཁྱོན་མེལ་(miles)༢༣༠༠ གོམ་བགྲོད་བྱས་ཡོད་འདུག དེའི་ཁྲོད་ཊེག་སེ་སི་མངའ་སྡེ་ནང་ཉིན་གྲངས་ ༣༥ དང་། ལུ་སི་ཡ་ན་མངའ་སྡེ་ནང་ཉིན་གྲངས་ ༨ ། མི་སི་སི་པི་མངའ་སྡེ་ནང་ཉིན་གྲངས་ ༡༠ ། ཨ་ལ་བྷ་མ་མངའ་སྡེའི་ནང་ཉིན་གྲངས་ ༩ ། ཇོར་ཇི་ཡ་མངའ་སྡེའི་ནང་ཉིན་གྲངས་ ༡༡ ། ལྷོ་ཁཱ་རོ་ལི་ན་མངའ་སྡེའི་ནང་ཉིན་གྲངས་ ༨ ། བྱང་ཁཱ་རོ་ལི་ན་མངའ་སྡེའི་ནང་ཉིན་གྲངས་ ༡༤ ། ཝིར་ཇི་ནི་ཡ་མངའ་སྡེའི་ནང་ཉིན་གྲངས་ ༡༣ ། རྒྱལ་ས་ཝ་ཤིང་ཊོན་ནང་ཉིན་གྲངས་ ༢ ། མེ་རེ་ལན་ཌི་མངའ་སྡེའི་ནང་ཉིན་གྲངས་གཅིག་བཅས་གོམ་བགྲོད་གནང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། པདྨ་མཚོ།





