རྩོམ་པ་པོ། རྡོ་རྗེ་རིན་ཆེན།
རྩོམ་ཁུངས། བོད་ཀྱི་དུས་བབ།
ཁ་སང་ཕྱི་དྲོར་འབྲེལ་ཡོད་ཅིག་གིས་སྐབས་བཅོ་བརྒྱད་པའི་མདོ་སྨད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གྲངས་ནང་མཐོ་ཤོས་དེ་བསྟན་འཛིན་དཔལ་མོ་ལགས་རེད། ཁོང་མོར་འོས་འཕེན་ཁོངས་མིའི་ཁྲོད་ཁྱོད་ཀྱང་གཅིག་ཡིན་སྲིད། ཁྱེད་ཚོས་ཁོང་མོར་འོས་འཕེན་དགོས་པའི་དམིགས་ཡུལ་ཅི་ཡིན་གསུངས་དང་ཟེར། ངས་ཁོང་ལ་ང་རང་གིས་མཐོང་བའི་རྒྱུ་མཚན་རྣམས་ཐད་ཀར་ལན་འདེབས་བྱས་པ་ཡིན།
སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་འདེམས་བྱེད་ལ་ཉེ་བའི་སྐབས་ཤིག་ལ་སྤྱི་ཚོགས་དྲ་ལམ་ནས་བསྟན་འཛིན་དཔལ་མོ་ཞེས་པ་ཞིག་མདོ་སྨད་སྤྱི་འཐུས་ལ་བཞེངས་རྒྱུ་ཡིན་པའི་བརྡ་ཡིག་ཅིག་མཇལ་བྱུང་། དེར་བརྟེན་ངས་བསྟན་འཛིན་དཔལ་མོ་ལགས་ལའང་མདོ་སྨད་ཆོལ་ཁོངས་ནས་སྤྱི་འཐུས་སུ་བཞེང་མཁན་སྤྱི་མཚུངས་ལྟར་གཞི་ནས་དོ་སྣང་བྱས་པ་ཡིན།
རང་ཉིད་ཀྱང་བཙན་བྱོལ་བའི་བོད་མི་ཞིག་ཡིན་པ་དང་། བགྲང་བྱ་ལྔ་མཚམས་རེའི་ནང་ཐེངས་རེར་འབྱུང་བའི་བཅའ་ཁྲིམས་ཀྱིས་བསྐུར་པའི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་དེ། དོན་ཕན་ལྡན་པ་ཞིག་ཏུ་བེད་སྤྱོད་མ་བྱུང་གཤིས། རྩ་དོན་ལ་འགན་མ་ཁུར་བའི་མི་བུ་ཞིག་འགྱུར་རྒྱུར་བརྟེན། ངས་སྔོན་འགྲོའི་ནང་བདམས་པའི་འོས་མི་ཚང་མ་ལ་རང་ཚོད་ཀྱིས་དམིགས་ཚད་མ་བཟུང་བ་གཅིག་ཀྱང་མེད། འཕྲོས་དོན་སྐབས་བཅོ་བརྒྱད་པའི་མདོ་སྨད་སྤྱི་འཐུས་འོས་མི་བསྟན་འཛིན་དཔལ་མོ་ལགས་ལ་འོས་འཕེན་དགོས་དོན་ཡང་། གཤམ་འཁོད་དོན་ཚན་ལྔ་ལ་བརྟེན་ཡོད།
གཅིག ༸གོང་ས་བཅུ་གསུམ་པ་ཆེན་པོ་བོད་ཤིང་འབྲུག་ (༡༩༩༤) ལོར་དབྱིན་ཇིའི་བཙན་འཛུལ་ལ་ཉེན་ཡོལ་ཆེད་ཕྱི་སོག་དང་། དེ་ནས་བོད་མདོ་སྨད་སྐུ་འབུམ་དུ་ཕེབས་ནས་སྔ་ཕྱིར་ལོ་གཉིས་ཙམ་བཞུགས། སྐབས་དེར་མདོ་སྨད་ལྷོ་བྱང་གི་བླ་ཆེན་དང་དཔོན་ཆེན་ཚང་མས་མཇལ་བཅར་ཞུས། ཐེངས་ཤིག་ཤ་རྫོང་རི་ཁྲོད་དུ་གནས་གཟིགས་སྐབས་སྟག་མཚེར་གྲོང་ཚོ་མཐོང་ལམ་དུ་ངལ་གསོས་ཏེ། གྲོང་གི་ཁྱིམ་ཚང་རེ་རེར་ཕྱག་འཁར་ཀེར་ནས་མི་ཚང་ཕ་གི་སུ་ཚང་རེད་ཅེས་དྲི་བ་གནང་། འཁྲུངས་གཞིས་ལ་ཡུད་ཙམ་གཟིགས་ནས་སྙིང་རྗེ་བོ་འདུག་ཅེས་བརྗོད་པ་དང་། སྟག་མཚེར་སྐུ་རབས་ཀྱིས་བདག་འཛིན་གནང་བཞིན་པའི་ཤ་རྫོང་རི་ཁྲོད་དུ་ཞབས་ཕྱགས་འཇའ་ཅན་ཞིག་བཞག་གནང་མཛད། དེ་ནི་མགོན་པོ་གང་ཉིད་བསམ་བཞིན་མདོ་སྨད་སྟག་མཚེར་དུ་འཁྲུང་རྒྱུའི་བརྡ་མཚོན་བསྟན་པ་ལོ་རྒྱུས་ཀུན་ཏུ་གྲགས་པ་མ་ཟད། སྐུ་ཕྲེང་བཅུ་གསུམ་པས་ཞལ་དྲོན་མོ་ནས་རྭ་སྒྲེང་རིན་པོ་ཆེར་ཁོང་གི་སྐུ་སྐྱེ་ཕྱི་མ་མདོ་སྨད་དུ་འཁྲུངས་རྒྱུ་ཡིན་ཚུལ་དངོས་སུ་གསུངས་ཡོད། ལར་སྐུའི་བླ་སྨན་པ་དབང་རྒྱལ་མཆོག་ནས་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བོད་ཀྱི་ས་མཚམས་མདོ་སྨད་མཚོ་སྔོན་ཁུལ་དུ་འཁྲུངས་དགོས་དོན་ནི། ས་འདིའི་བདག་པོ་ང་ཡིན་ཞེས་པའི་དོན་ཡིན། དེང་སང་རྒྱ་མིས་ཧམ་བཤད་ཇི་ལྟར་བྱས་ཀྱང་༸རྒྱལ་དབང་རིན་པོ་ཆེ་འཁྲུངས་པ་རེད་ཅེས་བརྗོད་དུས། དེ་ནི་བོད་ཀྱི་ས་ཁུལ་གླེང་མེད་ཀྱི་འབྲེལ་བ་ཞིག་ཆགས་ཡོད། ཅེས་པ་དེ་ཡིན། འདི་ལྟར་བལྟས་ཚེ་པཎ་ཆེན་སྐུ་ཕྲེེང་དགུ་བ་ཡང་༸རྒྱལ་དབང་རིན་པོ་ཆེ་སྐུ་གཤེགས་པའི་རྗེས་སུ་ཡུན་རིང་མ་འགོར་བར་བིས་མདོར་སྐུ་འཁྲུངས་ཡོད། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་བསམ་བཞིན་བོད་མདོ་སྨད་མཚོ་ཤར་ཁུལ་དུ་སྐུ་བལྟམས་དོན་སྐུའི་བླ་སྨན་དབང་རྒྱལ་མཆོག་གིས་གསུངས་པ་དེ་ལས་མ་འདས།
དེས་ན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཆ་ནས་ཚད་མཐོའི་རྒྱབ་སྐྱོར་ཐོབ་པའི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ (A Resolution to the Tibet-China Conflict Act [H.R. 533) ལ་སྲིད་འཛིན་གྱིས་མཚན་རྟགས་བཀོད་ནས་ཁྲིམས་ཡིག་ཆགས་ཟིན་པ་དང་། ཡིག་ཆ་དེའི་ནང་བོད་ཅེས་པའི་ས་ཁོངས་ངོས་འཛིན་ཕྱི་ལོ་ ༢༠༡༨ ལོ་སྟེ་བཀའ་ཤག་སྐབས་བཅོ་ལྔའི་དུས་ཨ་རིས་ཁྲིམས་བཟོའི་ཡིག་ཆ་ Reciprocal Access to Tibet Act of 2018 ཞེས་པའི་ནང་གསལ་འབྲུ་དོན་ལ་རྩ་འཛིན་བྱས་ཡོད་སྟབས། དེའི་ནང་མཚོ་ཤར་གྱི་ས་ཁོངས་ཚུད་ཐུབ་མེད།
ང་ཚོས་བོད་བཙན་པོ་དང་དེའི་རྗེས་ཙོང་ཁའི་རྒྱལ་པོ། ལྷག་པར་དགའ་ལྡན་ཕོ་བྲང་གིས་སྲིད་དབང་བཟུང་ནས་ཆུ་ཡོས་དུས་འཁྲུགས་སམ་མཚོ་སྔོན་དུས་འཁྲུགས་སུ་གྲགས་པའི་སྐབས་སོ་སོར། ཁྲིམས་མགོ་རང་བཙན་གྱི་བོད་ཡུལ་འདི་བཞིན་ས་ཁམས་ཆབ་སྲིད་ཀྱི་ངོས་ནས། ༸རྒྱལ་བ་པཎ་ཆེན་རྣམ་གཉིས་རྐང་བཙུགས་མཚོ་ཤར་ཁུལ་དུ་སྐུ་བལྟམས་པ་ལྟར་དགོངས་པ་བཞེས་དགོས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པར་བརྟེན། སྐབས་བཅོ་བརྒྱད་པའི་སྤྱི་འཐུས་འོས་མིའི་ཁོངས་བོད་མདོ་སྨད་མཚོ་ཤར་ཁུལ་གྱི་མི་སྣ་ཞིག་འདི་ལྟར་སྤྱི་འཐུས་སུ་བཞེངས་པ་ནི། གོང་གསལ་ལོ་རྒྱུས་ནང་སྟོང་ཆ་ཤོར་བཞིན་པ་དེར། སླར་ཁ་སྐོང་ངམ་དངོས་ཡོད་ཀྱི་ལོ་རྒྱུས་འབྲི་བ་དང་མཚུངས་པས་ངས་སྲས་མོ་ཁོང་འོས་འདེམས་བྱ་དགོས་པའི་རྒྱུ་མཚན་གཅིག་དེ་ཡིན།
གཉིས། ༸གོང་ས་བཅུ་གསུམ་པས་ཁོང་གི་སྐུ་སྐྱེ་རྗེས་མ་དེ་མི་གཞི་རྩ་ལག་ཡོད་ས་ཞིག་ཏུ་ཡོང་ངེས་ཞེས་པ་ལྟར། ༸གོང་ས་བཅུ་བཞི་བ་མཆོག་དངོས་ནས་མི་གཞི་རྩ་ལག་ཡོད་ས་ཞིག་ནས་སྐུ་བལྟམས་པ་ནི་བརྗོད་མེད་དང་། མི་གཞི་རྩ་ལག་ཚོས་བོད་བསྟན་སྲིད་ཐད་ནུས་པ་བཏོན་པ་དང་། ད་ལྟ་སྐུ་ཚ་རྣམས་ཀྱི་ཁྲོད་ནས་ཀྱང་རྩ་དོན་ཐད་ནུས་པ་འདོན་མཁན་ཡོད་བཞིན་པ་ལགས་ན། སྲས་མོ་ཁོང་ཡང་༸གོང་ས་མཆོག་གི་ཚ་མོ་ཀྲོང་ཀྲོང་ཞིག་ཡིན་པར་བརྟེན་གཅིག་བྱས་ན། ང་ཚོའི་རེ་བ་ལས་ལྷག་པ་ཞིག་མི་འབྱུང་བའི་ངེས་པའང་ག་ལ་ཡོད། དེས་ན་ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་པའི་རྒྱུ་མཚན་གཉིས་པ་དེ་ཡིན།
གསུམ། སྤྱི་འཐུས་ནི་གྲོས་ཚོགས་ཁོ་ནའི་ནང་སྐད་ཆ་ཤོད་རྒྱུ་གཅིག་པོ་མ་ཡིན་པར། སྤྱི་འཐུས་ཤིག་གི་ངོས་ནས་བོད་དོན་ཞུ་གཏུགས་ཀྱིས་མཚོན་གྲོས་ཚོགས་ཀྱི་ཕྱི་རོལ་ནས་ཀྱང་། རྩ་དོན་ཐོག་ཕྱག་ལས་གནང་དགོས་པ་ཇི་སྙེད་ཅིག་ཡོད་པ་དང་། སྲས་མོ་ཁོང་ནི་སྐད་རིགས་ཁ་ཤས་ལ་རང་སྐྱ་འཕེར་བ་མ་ཟད། ༸གོང་ས་མཆོག་གི་ཚ་མོ་ཡིན་པའི་མཚན་གནས་རྗེས་འབྲེལ་གྱིས་གྲོས་ཚོགས་ཕྱི་རོལ་ནས་ནུས་པ་གཞན་ལས་ཆེ་བ་འདོན་ཐུབ་རྒྱུར་ཆ་རྐྱེན་མང་བ་ཡོད་པ་ནི། ཁོ་བོས་སྲས་མོ་ཁོང་ལ་འོས་འཕེན་དགོས་པའི་རྒྱུ་མཚན་གསུམ་པ་དེ་ཡིན།
བཞི། སྲས་མོ་ཁོང་ལྡི་ལི་གཙུག་ལག་སློབ་ཆེན་ Lady Shree Ram College, Delhi University ནས་དམིགས་བསལ་ཆབ་སྲིད་རིག་པའི་ཐོག་སློབ་མཐར་ཕྱིན་པ་དང་། ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་ཆབ་སྲིད་རིག་པའི་སློབ་སྦྱོང་དགོས་ངེས་ཅན་དང་། ཉེ་ཆར་བཅར་འདྲི་དང་ལེན་ཞིག་གི་སྐབས་སྲས་མོའི་ལན་འདེབས་ཚང་མ་རེ་དོགས་དང་བཅོས་ལྷད་མེད་ཁར། ལྷག་བསམ་ཡོད་པ་ནི། འདུལ་བ་ལུང་ལས། བསམ་པ་ནང་ན་ཡོད་པ་ཀུན། ། ཕྱི་རོལ་ལ་ནི་ཉེ་བར་དམིགས། ། ཞེས་པ་ལྟར་གྱུར་འདུག་པས། ཁོ་བོས་སྲས་མོ་ཁོང་ལ་འོས་འཕེན་དགོས་པའི་རྒྱུ་མཚན་བཞི་པ་དེ་ཡིན།
ལྔ། བཀའ་ཤག་སྐབས་བཅུ་གསུམ་པའི་དུས་ནས་རང་གཞུང་གིས་དམིགས་བསལ་བུད་མེད་ནུས་སྟོབས་གོང་འཕེལ་ལ་ཤུགས་སྣོན་མཛད་ཡོད། ད་ཐེངས་བོད་མདོ་སྨད་ཙོང་ཁའི་བུད་མེད་ཅིག་འདི་ལྟར། རྩ་དོན་ལ་འགན་ཁུར་ནས་སྤྱི་འཐུས་སུ་བཞེངས་པ་མ་ཟད། མི་ཚེ་ལྷག་མ་གང་ཡོད་ཀྱང་རང་རེའི་རྩ་དོན་ཐོག་གཏོང་རྒྱུའི་ཆོད་སེམས་ཡོད་པ་དེར། ང་ཚོས་ཅི་ནས་ཀྱང་རྒྱབ་སྐྱོར་བྱ་དགོས་ངེས་སུ་མཐོང་བ་ནི། ཕྲན་གྱིས་སྲས་མོ་ཁོང་ལ་འོས་འཕེན་དགོས་པའི་རྒྱུ་མཚན་ལྔ་བ་དེ་ཡིན།
མདོར་བསྡུས་ནས་བཤད་ན། ངས་རེ་བཞག་གམ་སྲས་མོའི་སྟེང་ནས་མཐོང་བའི་ཆ་རྐྱེན་འདི་དག་ཚང་མ་ཆོལ་ཁ་བྱེ་བྲག་པ་ཞིག་གི་ཁེ་ཕན་གཙོར་བཞག་མ་ཡིན་པར། བོད་སྤྱིའི་རྩ་དོན་གཙོར་བཞག་བྱས་པ་ཞིག་ཡིན། ཡང་གཅིག་བཤད་ན། མདོ་སྨད་ཁོངས་བུད་མེད་སྤྱི་འཐུས་སུ་བཞེང་མཁན་ཡང་ཉིན་གྱི་སྐར་མའི་རྗེས་སུ་མི་འགྲོ་བར། ལུ་གུ་རྒྱུད་བཞིན་བང་སྒྲིག་འདོད་པ་ནི། ང་རང་གཅིག་པོ་མ་ཡིན་པར་སྲས་མོ་ཁོང་ལ་འོས་འཕེན་མཁན་ཚང་མའི་ཐུན་མོང་གི་འདོད་ཕྱོགས་རེད་སྙམ།
ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༢ ཉིན་ལ་བྲིས།





