རྒྱ་ནག་གཞུང་གིས་ཆེད་གཉེར་བྱས་པའི་མགྱོགས་འཕྲིན་ལས་ཁུངས་ཀྱིས་བོད་མི་རྣམས་ཀྱིས་བོད་ལྭ་གྱོན་ཏེ་བོད་སྐད་བཤད་པའི་བརྙན་རིས་སྤེལ་བར་སྟངས་འཛིན་དང་ཕྱོགས་ཡོངས་ནས་བཀག་འགོག་ནན་མོ་བྱེད་ཀྱིན་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་གསུང་ཆོས་ཞལ་འདོན་རིགས་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་མ་རྣམ་པའི་སྐུ་པར་འགྲེམས་སྤེལ་བྱེད་པར་དམ་དྲག་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། བོད་སྐད་བོད་ཡིག་བེད་སྤྱོད་བྱེད་མཁན་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་གྱོན་མཁན་རྣམས་ལའང་མགྱོགས་འཕྲིན་ལས་ཁུངས་ཀྱིས་སྟངས་འཛིན་ནན་པོ་བྱས་ཏེ་ཉེན་བརྡའི་ཡི་གེ་གཏོང་བ་དང་། མགྱོགས་འཕྲིན་གྱི་སྒོ་ཉིན་ཤས་རིང་དང་ཡང་ན་ཟླ་ཤས་བརྒྱབ་པ། ཐ་ན་གཏན་དུ་མགྱོགས་འཕྲིན་ནག་གསུབ་ཀྱང་གཏོང་གི་ཡོད་འདུག
འདི་ལོའི་ལོ་སར་སྐབས་བོད་ནང་གི་བོད་མི་ཞིག་གིས་བཙན་བྱོལ་དུ་གནས་སྡོད་གྲོགས་པོ་དང་ཉེ་འབྲེལ་སོགས་ལ་བརྙན་ལམ་ནས་སྐད་ཆ་ཤོད་སྐབས། བཙན་བྱོལ་ནང་གི་བོད་མི་དེའི་རྒྱབ་ལྗོངས་སུ་མཆོད་ཁྲིའི་ཐོག་སྒྲིག་བཤོམ་བྱས་པའི་༧གོང་ས་མཆོག་གི་སྐུ་པར་ཤར་བའི་རྐྱེན་གྱིས། དེ་མ་ཐག་མགྱོགས་འཕྲིན་ལས་ཁུངས་ཀྱིས་ཉེན་བརྡའི་འཕྲིན་ཐུང་འབྱོར་ཡོད་པ་རེད། བོད་ནང་གི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ཉེ་ལམ་མགྱོགས་འཕྲིན་དྲ་ལམ་སྟེང་བོད་ལྭ་གྱོན་ཏེ་བོད་སྐད་བཤད་པའི་བརྙན་ཐུང་སྤེལ་མཁན་ལ་སྟངས་འཛིན་ཤུགས་ཆེན་བྱེད་ཀྱིན་ཡོད་པ་མ་ཟད། མཚམས་རེར་ཐད་གཏོང་ནང་ལ་མི་གྲངས་ཚོད་འཛིན་དང་བཀག་འགོག་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།
མགྱོགས་འཕྲིན་ལས་ཁུངས་ཀྱི་སྒྲིག་འགལ་ཉེན་བརྡའི་ནང་། མ་འོངས་པར་མགྱོགས་འཕྲིན་སྤྱི་ཚོགས་ལམ་སྟོན་ལ་བརྩི་སྲུང་བྱ་རོགས། ཐེངས་གཅིག་འགལ་འཛོལ་བྱུང་ན། ཁྱེད་ཀྱི་མགྱོགས་འཕྲིན་ལ་ཤུགས་རྐྱེན་མི་ཐེབས། འོན་ཀྱང་། ནང་དོན་འདི་རིགས་ཡང་ཡང་སྤེལ་ན་ཁྱེད་ཀྱི་མགྱོགས་འཕྲིན་ལ་སྟངས་འཛིན་བྱེད་པ་དང་ཡང་ན་བཀག་སྡོམ་བྱ་སྲིད། ཅེས་གསལ་འདུག
ཡང་འབྲེལ་ཡོད་བོད་མི་ཞིག་གིས། མགྱོགས་འཕྲིན་ལས་ཁུངས་ཀྱིས་རྒྱུན་དུ་མགྱོགས་འཕྲིན་ནང་བོད་སྐད་གཙང་མ་ཤོད་མཁན་ལ་ཚོད་འཛོན་ནན་མོ་བྱེད་ཀྱིན་ཡོད་པ་མ་ཟད། ཐད་གཏོང་བྱ་ཡུལ་གྱི་ལྡེབས་རིས་ངོས་སུ་བོད་ཡིག་བྲིས་ཡོད་པ་དང་། བོད་ཡིག་ཅན་གྱི་འཕྲེད་དར་སོགས་དཔྱངས་ཡོད་ཚེ་སྟངས་འཛིན་བྱེད་ཀྱི་ཡོད་པ། དེ་བཞིན་ཐད་གཏོང་གི་འཆར་ངོས་སུ་བོད་ཡིག་བྲིས་ན་ཤར་མི་ཐུབ་པ། དཔེར་ན། བོད་ཀྱི་རྒྱལ་ས་ལྷ་ས་ཞེས་པ་@བོད@ཀྱི@རྒྱལ@ས@ལྷ@ས། ཞེས་མ་བྲིས་ན་འཆར་རིས་ངོས་སུ་ཤར་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༢ ཉིན་བོད་ནང་གི་མགྱོགས་འཕྲིན་དྲ་ལམ་བཀོལ་སྤྱོད་བྱེད་མཁན་གྱི་བོད་མི་ཞིག་གིས། ཉེ་ལམ་རྒྱ་ནག་གཞུང་དང་མགྱོགས་འཕྲིན་ལས་ཁུངས་ཀྱིས། འབྲོག་པའི་འཚོ་བ་དངོས་མཚོན་པའི་བརྩམས་ཆོས་སྤེལ་མཁན་རྣམས་ལ་ཤ་ཟ་ཡི་ཡོད་པ་དང་། སྤྱི་ཚོགས་ལ་བག་ཆགས་ངན་པ་འཇོག་གིན་ཡོད་ལུགས་བསྙད་དེ་སྟངས་འཛིན་དང་བཀག་སྡོམ་བྱེད་ཀྱི་ཡོད་སྐོར་དང་། བྱ་སྤྱོད་དེས་འབྲོག་མང་གི་སེམས་ལའང་ཕོག་ཐུག་བཏང་ཡོད་པའི་ཁར། སྲིད་གཞུང་གིས་འབྲོག་པས་རང་ཁ་རང་གིས་གསོ་བ་དང་། རང་ས་རང་གིས་སྲུང་བའི་འབྲོག་མིའི་འཚོ་བ་ལའང་ཐེ་ཇུས་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།
འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་མི་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་བཙོན་གྲོལ་ཐོབ་པའི་མགོ་ལོག་དཔལ་ལྡན་དང་། གླུ་བ་གཙུན་ཏེའམ་ཨ་སངས་གཉིས་ཀྱིས་དེ་སྔ་བཙོན་འཇུག་མ་བྱས་གོང་གི་མགྱོགས་འཕྲིན་སོགས་ནག་གསུབ་བཏང་ཡོད་པའི་ཁར། བོད་ཀྱི་ཁོར་ཡུག་ལས་འགུལ་བ་མཚོ་སྔོན་ཚེ་རིང་ལགས་ཀྱིས་དེ་སྔ་གཉེར་བའི་མགྱོགས་འཕྲིན་ཁ་བྱང་གཉིས་ཀ་དང་། ད་ལྟ་གར་སོང་ཆ་མེད་དུ་གྱུར་བའི་དྲ་དཔོན་ཨ་དགའ་ལེགས་སམ་བསོད་ནམས་ཆོས་འགྲུབ་ལགས་ཀྱི་མགྱོགས་འཕྲིན་བཅས་ནག་གསུབ་བཏང་འདུག
རྒྱ་ནག་གཞུང་གིས་དྲ་རྒྱའི་སྤྱི་ཚོགས་ཡར་རྒྱས་དང་བདེ་འཇགས་སྲུང་སྐྱོབ་དགོས་སྐོར་བརྗོད་དེ་ཆ་འཕྲིན་ཞབས་ཞུའི་གཏན་འབེབས་ཞེས་པ་ཞིག་ཁ་གསལ་མ་ཡིན་པའི་ཐོག་ནས་གཏན་འབེབས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༦ ནས་རྒྱ་ནག་རྒྱལ་ཁབ་དྲ་ལམ་དོ་དམ་ཁང་གིས་སྤྱི་ཚོགས་དྲ་ལམ་གྱི་བདེ་འཇགས་སྐོར་ལ་སྒྲིག་ཡིག་གཉིས་ཏེ། ཆ་འཕྲིན་གླེང་སྟེགས་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི་དང་དྲ་འབྲེལ་ཚོགས་ཆུང་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི་ཟེར་བ་གཉིས་གཏན་འབེབ་བྱས་ཏེ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་། སྒྲིག་གཞི་དེ་གཉིས་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནང་དོན་མི་སྐུར་བ་དང་། གསང་བ་དང་འབྲེལ་བའི་ནང་ཁུལ་གྱི་དཔྱད་ཡིག་མི་སྐུར་བ། དམག་དོན་གྱི་དཔྱད་ཡིག་མི་སྐུར་བ། འཆལ་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་མི་བཤད་པ། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་ཡིག་ཆ་མི་སྐུར་བ་སོགས་གསལ་ཡོད་པ་མ་ཟད། སྐད་འཕྲིན་ཚོགས་པ་དང་གླེང་སྟེགས་ཚོགས་པ། དངུལ་བརྒྱུད་སྤྲོད་ཚོགས་པ་སོགས་འཛུགས་མཁན་ཚོས་ངེས་པར་དུ་ཚོགས་པའི་ནང་གི་གནས་ཚུལ་ཡོངས་ལ་ཁྲིམས་ཀྱི་འགན་འཁུར་དགོས་སྐོར་བཀོད་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





