རྒྱ་ནག་གཞུང་གིས་བོད་པའི་བྱིས་པ་རྣམས་དགོན་པ་དང་དགོན་པའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ཏུ་མཉམ་ཞུགས་བྱེད་མི་ཆོག་པའི་ཁར། སློབ་གྲྭ་དང་ཕ་མ་ཚོས་བྱིས་པ་རྣམས་ལ་དེ་འབྲེལ་གྱི་སློབ་གསོ་སྤྲོད་དགོས་པའི་འགན་ཡོད་སྐོར་བརྗོད་འདུག

ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཆབ་མདོ་ཁུལ་སྨར་ཁམས་རྫོང་གི་འོད་ཟེར་གླིང་དགོན་པའི་སྒོ་འགྲམ་དུ། དགོན་པའི་ནང་དུ་ནར་མ་སོན་པའི་བྱིས་པ་འཛུལ་མི་ཆོག་ཅེས་པའི་སྦྱར་བྱང་ཞིག་དང་། ཡང་དགོན་པའི་སྒོ་ཆེན་གྱི་ཐོག་ཏུ། གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག་ཅེས་དང་། དགོན་པའི་རྒྱབ་ཀྱི་རི་ངོས་སུ། ཏང་གི་ཁ་ལ་ཉན་པ་དང་ཏང་ལ་བཀའ་དྲིན་ཞུ་བ། ཏང་གི་རྗེས་སུ་འབྲང་ཞེས་པའི་འབོད་ཚིག་འཁོད་པའི་དྲིལ་བསྒྲགས་སྦྱར་ཡོད་པའི་བརྙན་ཞིག་འདི་གའི་གསར་འགོད་པར་ལག་སོན་བྱུང་།
བོད་ཀྱི་ལོ་གསར་བསླེབ་ལ་ཉེ་བ་སྟེ། འདི་ལོའི་ཕྱི་ཟླ་ ༡ ནང་རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ (快手) སྟེང་བོད་ཀྱི་ལོ་གསར་སྐབས་དམ་དྲག་བྱེད་དགོས་པའི་དྲིལ་བསྒྲགས་མང་པོ་ཁྱབ་སྤེལ་བྱུང་བ་དང་འབྲེལ། བོད་ཀྱི་ས་ཁུལ་མང་པོར་ལོ་ཆུང་བྱིས་པ་རྣམས་དགོན་པར་མཆོད་མཇལ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཀའ་ཁྱབ་སྔར་ལྷག་བཏང་བའི་གནས་ཚུལ་ཐོན་ཡོད། དེ་འབྲེལ་བོད་གནས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་ས་ཁུལ་དུ་རྒྱ་ནག་གཞུང་གིས་བཀའ་རྒྱ་ཞིག་བཏང་བའི་ནང་། བྱིས་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་འབྲེལ་བའི་འདུ་འཛོམས་སོགས་ཀྱི་ནང་མཉམ་ཞུགས་བྱ་རྒྱུ་མེད་པའི་སློབ་གསོ་སྤྲོད་རྒྱུའི་འགན་འཁྲི་དེ་སློབ་གྲྭ་ཁག་དང་ཕ་མ་གཉིས་ཀར་ཡོད། ཆོས་དད་ཡོད་མེད་ལ་མ་ལྟོས་པར་ཕ་མ་ཚོས་རང་ཉིད་ཀྱི་བྱིས་པ་རྣམས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་དང་ཆོས་ལུགས་ཀྱི་འཛིན་གྲྭ ད་དུང་དབྱར་གནང་སྐབས་དགོན་པའི་འཛིན་གྲྭར་མངགས་གཏོང་བྱེད་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད་འདུག
འདི་གའི་གསར་འགོད་པར་རྒྱལ་རོང་ཕྱོགས་ཀྱི་འབྲེལ་ཡོད་ཞིག་གིས། ང་ཚོའི་དགོན་པའི་ནང་བྱིས་པ་འཛུལ་མི་ཆོག་པའི་བཀའ་ཁྱབ་སྔོན་མ་ནས་སྦྱར་ཡོད། རྒྱ་ནག་གིས་དགོན་པའི་ལྷ་སྡེ་མི་སྡེ་དག་གི་བྱིས་པ་རྣམས་དགོན་པར་ཡོང་མི་ཆོག་པར་བཟོས་ཏེ་དགོན་པ་དང་མི་མང་བར་གྱི་འབྲེལ་ལམ་གཅོད་ཐབས་དང་། ལོ་ཆུང་བྱིས་པ་རྣམས་དགོན་པར་འཛུལ་མི་ཆོག་པ་དེས་དགོན་པའི་གྲྭ་རྒྱུན་ཇེ་ཉུང་དུ་གཏོང་བར་ཡང་དམིགས་ཡོད། ཅེས་བརྗོད་བྱུང་ལ། ད་ལྟ་རྒྱ་ནག་གིས་རྒྱལ་རོང་དང་ཙོང་ཁ། མི་ཉག་སོགས་ཀྱི་དགོན་སྡེ་མང་པོར་བྱིས་པ་འཛུལ་མི་ཆོག་པའི་སྦྱར་ཡིག་བཀྲམ་ཡོད་འདུག
འདི་གའི་གསར་ཁང་ལ་འབྱོར་བའི་གནས་ཚུལ་ལྟར་ན། ཕྱི་ལོ་ ༢༠༡༨ ལོར་བོད་ཀྱི་རྒྱལ་ས་ལྷ་ས་དང་མཚོ་སྔོན་ཕྱོགས་ཀྱི་སློབ་གྲྭ་ཁག་གི་ནང་། སློབ་མ་རྣམས་དབྱར་ཁའི་གུང་གསེང་གི་སྐབས་སུ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་གི་ནང་མཉམ་ཞུགས་བྱེད་མི་ཆོག་པ་དང་། དེ་བཞིན་བོད་ཀྱི་སྐད་ཡིག་དང་ནང་ཆོས་སྐོར་གྱི་ཟབ་སྦྱོང་འཛིན་གྲྭར་མཉམ་ཞུགས་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། ཕ་མ་རྣམས་ལ་བཙན་གྱིས་རང་ཉིད་ཀྱི་བྱིས་པ་ཆོས་ཕྱོགས་ཀྱི་བྱེད་སྒོར་འཇུག་རྒྱུ་མིན་པའི་ཁས་ལེན་ཡི་གེར་མིང་རྟགས་འགོད་དུ་བཅུག་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ལ། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་བོད་མི་ལས་བྱེད་པ་དང་རྒས་ཡོལ་རྣམས་དགོན་པར་འགྲོ་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད།
གསར་འགོད་པ། སྐལ་བཟང་སྦྱིན་པ།





