རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་༸གོང་ས་མཆོག་ལ་བརྟན་བཞུགས་བསྡུས་པ་ཞིག་ཕུལ་བ་དང་བསྟུན། སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ ༥༠༠ ཙམ་གྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་བ་དང་། སྐབས་དེར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་༸གོང་ས་མཆོག་ལ་ (Karuna Ratna) ཞེས་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྡེ་ཚན་ནང་མའི་རྒྱལ་ཡོངས་འབྲེལ་མཐུད་པ་རིན་ཆེན་མཁའ་འགྲོ་ཁེར་མེ་ལགས་ཀྱིས། ༸སྐུ་མདུན་མཆོག་ནས་ཕྱི་ལོ་ ༡༩༧༧ ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་སྐབས་ལྡི་ལིར་དབུས་གཞུང་གསར་པ་ཞིག་བཙུགས་པ་དང་ལོ་དེར་ང་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་བ་ཐུགས་དྲན་གསོ་ཡི་ཡོད་ཀྱི་རེད། ལོ་དེའི་ཕྱི་ཟླ་ ༣ ནང་འབྲས་ལྗོངས་ཀྱི་གྲོས་ཚོགས་འཐུས་མི་འདས་པོ་སྐུ་ཞབས་ཅ་ཏྲ་བྷ་ཧ་ཌུར་ཅེ་ཊི་རི་དང་ངེད་གཉིས་དྷ་རམ་ས་ལར་༸གོང་ས་མཆོག་ལ་མཇལ་བཅར་ཞུ་བའི་བསྐལ་བ་ལྡན་སོང་། སྐབས་དེར་༸སྐུ་མདུན་ནས་འོས་འཚམ་གྱི་སྐབས་སུ་གསར་དུ་བཙུགས་པའི་དབུས་གཞུང་དང་འབྲེལ་བ་བྱེད་རྒྱུ་དེ་དོན་སྙིང་ལྡན་པ་ཞིག་རེད་ཅེས་གསུངས་བྱུང་ལ། བཀའ་ཤག་གིས་ཀྱང་དགོངས་ཚུལ་ཞིག་གསུངས་ཡོད། ལྡི་ལིར་ཕྱིར་ལོག་རྗེས། ངས་སྲིད་བློན་དང་མགོ་འཁྲིད་རྒན་པ་རྣམས་དེའི་སྐོར་ཞུས་ཡོད། དེའི་རྗེས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལྡི་ལིར་ཆིབས་བསྒྱུར་གྲ་སྒྲི་བྱས་ཏེ། ཕྱི་ལོ་ ༡༩༧༧ ཟླ་ ༧ པའི་ཆར་དུས་ཀྱི་གྲོས་ཚོགས་ནང་ཕེབས་པ་དང་། རྒྱ་གར་དབུས་སྲིད་བློན་དང་མགོ་འཁྲིད་རྣམས་ལ་མཇལ་འཕྲད་གནང་ཡོད། ང་རང་ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་གཞོན་པ་ཞིག་ཡིན་པའི་ཆ་ནས་གལ་ཆེའི་མཛད་རིམ་འདི་འདྲ་ཞིག་གོ་སྒྲིག་བྱེད་པའི་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།
སྐབས་དེར་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དོན་ཚན་གསུམ་ཅན་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གཅིག ༸གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་སྐུ་ཚབ་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་དབར་མཚམས་འཇོག་བྱས་པའི་གྲོས་མོལ་སླར་གསོ་ཡོང་བར་འབད་བརྩོན་ཧུར་ཐག་བྱེད་དགོས། གཉིས། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢ ཉིན་༸གོང་ས་མཆོག་གིས་བསྐྱངས་པའི་དགའ་ལྡན་ཕོ་བྲང་མུ་མཐུད་གནས་རྒྱུ་ཡིན་པའི་གསལ་བསྒྲགས་ལ་ཕྱི་ཕྱོགས་ཀྱི་ཐེ་གཏོགས་མེད་པར་རྒྱུན་འཁྱོངས་ལ་བརྟན་སྲུང་བྱ་དགོས། གསུམ། རྒྱལ་ཁབ་རིམ་པ་དང་རྒྱལ་སྤྱིའི་རིམ་པའི་གླེང་སྟེགས་ཚང་མའི་ནང་བོད་ཀྱི་མེ་ལྕེ་དང་བོད་མི་མང་གི་དྲང་བདེན་གྱི་རེ་འདུན་དག་གསོན་པོ་གནས་པར་རྒྱབ་སྐྱོར་ལྷོད་མེད་གནང་དགོས་སྐོར་བཀོད་འདུག
དེ་རིང་གི་བརྟན་བཞུགས་ནང་རྒྱ་གར་གྱི་མངའ་སྡེ་ ༢༨ ནས་རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༣༠ ཡི་ཚོགས་གཙོ་དང་འཐུས་མི་སོགས་མི་གྲངས་ལྔ་བརྒྱ་ལྷག་འཛོམས་འདུག་ལ། སང་ཉིན་ཕྱི་ཚེས་ ༡༢ དང་ ༡༣ བཅས་ཉིན་གཉིས་རིང་བོད་ཀྱི་ཟློས་གར་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་ཆེན་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་རྒྱུ་ཡིན་འདུག
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཕྱི་ལོ་ ༡༩༥༩ ཕྱི་ཟླ་ ༥ ནང་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཏའི་ནང་ཐོག་མར་གསར་འཛུགས་གནང་ཞིང་། ཕྱིས་སུ་ཚོགས་པ་དེ་རྒྱ་སྐྱེད་ཀྱིས་ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ ༣༠ དང་ཚོགས་མི་གྲངས་ཁྲི་ཕྲག་ལྷག་ཡོད་འདུག་ལ། ཚོགས་པ་དེ་དག་གི་དབུས་ལས་ཁུངས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་ཅིང་། དེ་ལ་སྡེ་ཚན་ནང་མ་ཞེས་འབོད་པ་དང་འབྲེལ་མཐུད་གནང་མཁན་གཙོ་བོ་དེ་ཡིན་པ་རེད། དབུས་ལས་ཁུངས་ཀྱི་གོ་སྒྲིག་འོག་ལོ་གསུམ་རེའི་མཚམས་སུ་བོད་དོན་རྒྱབ་སྐྱོར་གྱི་ཚོགས་ཆེན་རེ་གོ་སྒྲིག་གནང་གི་འདུག་ལ། ཕྱི་ལོ་ ༢༠༢༢ ལོར་རྒྱལ་ས་ལྡི་ལིར་ཚོགས་ཆེན་ཐེངས་བདུན་པ་འཚོགས་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།




