༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མི་ནང་ཁུལ་བོད་སྐད་མ་བཤད་པར་ཕྱིའི་སྐད་ཡིག་ལ་བརྟེན་དགོས་ན་ངོ་ཚ་དང་ཐབས་སྐྱོ་པོ་རེད་ཅེས་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་མཛད་འདུག

ཁ་སང་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག ཡ་རབས་བཟང་སྤྱོད་བཅས་མི་ཉམས་རྒྱུན་འཛིན་བྱེད་པར་གཞིས་ལུས་བོད་མི་རྣམས་ཀྱིས་བློས་གཏོང་ཆེན་པོས་འབད་བརྩོན་གནང་བཞིན་ཡོད་པ་ལྟར། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་ནང་ཁུལ་བོད་སྐད་བོད་ཡིག་སྦྱོང་སྤྱོད་བྱེད་པར་རྒན་བཤད་གཞོན་ཉན་མ་བྱས་ན་རྩ་བརླག་ཏུ་འགྲོ་ཉེན་ཡོད་པས། བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་རང་དོན་རང་གཅེས་ཀྱིས་དམིགས་བསལ་གྱི་དོ་སྣང་སེམས་ཁུར་ཆེར་སྐྱེད་དགོས་གལ་ཆེ་བའི་གསུང་འཕྲིན་ནན་པོ་ཞིག་སྩལ་འདུག
བོད་ཀྱི་སྐད་ཡིག་ནི་ནང་པ་སངས་རྒྱས་པའི་བཀའ་བསྟན་གྱི་སྲོག་སྙིང་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་བླ་སྲོག་ཡིན་སྐོར་དང་འབྲེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། འཛམ་གླིང་གི་ཁྱོན་འདིར་གནས་པའི་རྒྱལ་ཁམས་མི་རིགས་སོ་སོར་རིག་གཞུང་སྐད་ཡིག་མི་འདྲ་བ་ཡོད་པ་ལྟར་བོད་ཀྱི་རིག་གཞུང་ཞེས་བརྗོད་སྐབས་མཐར་གཏུགས་ན། སངས་རྒྱས་ཀྱི་ཆོས་དང་འབྲེལ་བ་གཏིང་ཟབ་ཡོད། ང་ཚོས་རྒྱུན་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད་པ་ལྟར་སངས་རྒྱས་ཀྱི་གསུང་བཀའ་འགྱུར་དང་། དེ་དག་གི་དགོངས་འགྲེལ་བསྟན་འགྱུར། ས་དགེ་བཀའ་རྙིང་གི་སྐྱེས་ཆེན་རྣམས་ཀྱི་གསུང་རབ། ཐ་ན་ཉིན་རེའི་ཁ་འདོན་དཔེ་ཆ་ཚུན་བོད་ཡིག་ནང་བཞུགས་ཡོད། བོད་ཡིག་ནས་དེ་དག་གི་དགོངས་དོན་ལེན་པ་ལྟར་སྐད་ཡིག་གཞན་ནས་ཡོང་ཐབས་མེད་པས་བོད་ཀྱི་སྐད་ཡིག་ཐོག་ཚང་མས་དམིགས་བསལ་གྱི་དོ་སྣང་དགོས་པ་ཡིན། བོད་མིའི་ངོ་བོའམ། རྣམ་པ་མཚོན་པ་བྱ་རྒྱུ་དེ་ཡང་གདོང་དང་གཟུགས་དབྱིབས་ཙམ་མིན་པར། སྤྱི་ཚོགས་གང་ཞིག་ནང་དམངས་ཀྱིས་དང་ལེན་བྱེད་པའི་གོམས་གཤིས་སུ་འཇགས་པའི་རིག་རྩལ་དཔེར་ན། ལྷ་མོའི་འཁྲབ་གཞུང་དང༌། འཆམ། བསང་གསོལ། རླུང་རྟ་དར་འཛུགས། ཡི་གེ་འབྲི་སྟངས། གསོ་བ་རིག་པ། སྐར་རྩིས། གླུ་གར་རོལ་དབྱངས། ལག་ཤེས་བཟོ་རྩལ། རི་མོ་དང་ཤིང་བརྐོས། འགྲོ་འདུག་གི་གཤིས་སྤྱོད། ཡ་རབས་ཀྱི་གུས་ཞབས་བྱེད་ཚུལ་སོགས་ནས་མི་རིགས་ཀྱི་རྣམ་པ་ལོགས་སུ་ཡོད་པ་གསལ་པོར་བསྟན་ཡོད། ཆོས་དང་རིག་གཞུང་སྐད་ཡིག་གཅིག་གྱུར་གྱི་ཆོལ་ཁ་གསུམ་སོ་སོའི་སྐད་གདངས་ཕྲན་བུ་མི་འདྲ་བ་ཡོད་ཀྱང་སེམས་ཐག་ཉེ་པོ་རྡོག་གཅིག་ཏུ་བསྒྲིལ་བ་འདི་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གི་བཀའ་དྲིན་ཡིན་པ་མ་བརྗེད་པ་བྱེད་དགོས། བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་དང་ཞབས་བྲོའི་འཁྲབ་རྩལ་ལ་མཚོན་ན། མི་རིགས་གཞན་དང་རྣམ་པ་ཐ་དད་པའི་མཚོན་བྱེད་བརྗིད་ཉམས་ལྡན་ཞིང་། སྤྲོ་སྣང་འཕེལ་བ། བདེ་ཅག་འཁྱུག་ལ་ཡང་ཤ་དོད་པ། སྟངས་སྟབས་དང་ལག་པའི་འཁྱེར་བཟོ་ཉམས་དང་ལྡན་པ། གླུ་གཞས་གཏོང་སྐབས་བྱིན་ཆགས་པོ། སྐད་གདངས་མགྲིན་གུག་བཅས་མི་རིགས་གཞན་དང་མི་འདྲ་བ་ཡོད་པ་གཅེས་སྤྲས་ཀྱིས་གནའ་དེང་སོ་སོར་བཞག་སྟེ་བསྲེས་ལྷད་ཉམས་ཆག་མི་འགྲོ་བ་སྲུང་སྐྱོབ་དགོས་གནད། བོད་ཀྱི་བྱམས་བརྩེའི་བསམ་བློ་གཏོང་སྟངས་དང་། ཡ་རབས་ཀྱི་སྤྱོད་ལམ། སྐད་ཡིག་སོགས་གང་ཅིའི་ཐད་ནས་མི་རིགས་གཞན་དང་མི་འདྲ་བར་ཟུར་གསལ་འབུར་ཐོན་དུ་ཡོད། ཅེས་གསུངས་འདུག
ཡང་མགོན་པོ་ཉིད་ཀྱིས་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་འཛམ་གླིང་གི་སྐད་ཡིག་རྙིང་ཤོས་གྲས་ཀྱི་སྐད་ཡིག་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་སྐོར་དང་འབྲེལ་ནས། དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སློབ་དཔོན་ཐོན་མིས་གསར་དུ་བཏོད་པའི་ད་ལྟའི་བོད་ཡིག་འདི་ཉིད་པཱ་ལི་དང༌། གཙོ་བོ་ལེགས་སྦྱར་གྱི་སྐད་དང་མིང་ཚིག་རེ་རེ་བཞིན་མཉམ་དུ་འགྲོ་ཐུབ་པའི་ཡི་གེ་ཞིག་ཡིན་པ་ལྟར་རྒྱ་གར་འཕགས་པའི་ཡུལ་གྱི་རྣམ་དཔྱོད་བོད་ཡུལ་དུ་སླེབས་པ་རེད། སྐད་ཡིག་ཉམས་ཞིབ་པ་ཚོས་བོད་ཀྱི་སྐད་ཡིག་འདི་འཛམ་གླིང་ཐོག་དར་སྔ་ཤོས་ཀྱི་སྐད་ཡིག་བཅུ་གྲངས་ཤིག་ཡོད་པ་དེའི་གྲས་སུ་ཚུད་ཡོད་ལུགས་བརྗོད་པ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་གི་གནད་འགག་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན། དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་བསྟན་པའི་གཞི་མ་ཚུགས་སྐབས་༧རྒྱལ་བའི་བཀའ་བསྟན་ལེགས་སྦྱར་སྐད་ཡིག་ནང་གསལ་སོར་བཞག་དང་བོད་ཡིག་ཐོག་བསྒྱུར་གང་དགའ་བཀའ་གྲོས་གནང་སྐབས་བཀའ་དྲིན་ཅན་གྱི་མཁན་ཆེན་བགྲེས་སོང་ཞི་བ་འཚོས་ “བོད་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐད་ཡིན་པས་ཆོས་བྱར་བཏུབ་” ཅེས་བཀའ་ཡི་སྣང་བ་སྩལ། དུས་རབས་དགུ་པར་བོད་ཀྱི་རྒྱལ་རབས་ཞེ་གཉིས་པ་མངའ་བདག་ཁྲི་རལ་སྐབས་སྔར་བསྒྱུར་ཟིན་པ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་དག་ཐེར་མཛད་པ་སོགས་བོད་ཀྱི་སྐད་ཡིག་གིས་མཚོན་མི་རིགས་ཀྱི་རྣམ་པ་གསལ་པོར་འབྱེད་ཐུབ་པའི་ཁྱད་ནོར་འདི་རིགས་ལ་བོད་མིའི་ངོས་ནས་སྣང་ཆུང་ལྟ་བུས་ལྷོད་ཡང་འཐུས་ཤོར་སོང་ན་མ་འོངས་པར་གྱོང་གུན་གསབ་ཐབས་བྲལ་བ་ཡོང་ཉེན་ལ་བསམ་ཡོད་མི་རབས་རྒན་པ་དང་ཤེས་ཡོན་ཅན་གྱི་མི་སྣས་མགོ་ཁྲིད་དེ་ལམ་སྟོན་སྐུལ་འདེད་དང་། གཞོན་པ་ཚོས་དོ་སྣང་བསམ་ཤེས་ཀྱིས་རྒན་བཤད་གཞོན་ཉན་མ་བྱས་ཚེ། བོད་པ་རྒྱ་བལ་དུ་ཡོད་པ་ཚོས་རྒྱ་བལ་གྱི་སྐད་ཡིག་དང༌། ཕྱི་རྒྱལ་དུ་ཡོད་པ་ཚོས་དབྱིན་ཇིའི་སྐད་ཡིག བོད་ནང་དུ་ཡོད་པ་ཚོས་རྒྱ་མིའི་སྐད་ཡིག་བཅས་གནས་སྐབས་འཚོ་དགོས་ཀྱི་དགོས་མཁོར་དང་དོད་ཀྱིས་བེད་སྤྱོད་བྱས་དྲགས་ན། ནམ་ཞིག་ང་ཚོ་བོད་མི་རང་ཉིད་ཀྱི་སྐད་ཡིག་རྩ་བརླག་ཏུ་འགྲོ་ཉེན་ཡོད། ལྷག་དོན་དུ་བོད་མི་ནང་ཁུལ་བོད་སྐད་མ་བརྒྱབ་པར་ཕྱིའི་སྐད་ཡིག་ལ་བརྟེན་དགོས་ན་དེ་ལས་ངོ་ཚ་བ་དང་ཐབས་སྐྱོ་བ་མེད་པས། དེ་ལུགས་བོད་མི་ཡོད་དོ་ཅོག་གིས་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་ཐོག་རང་དོན་རང་གཅེས་ཀྱིས་དམིགས་བསལ་གྱི་དོ་སྣང་སེམས་ཁུར་ཆེར་སྐྱེད་དགོས་གལ་གྱི་འབོད་སྐུལ་དང་སྨོན་ལམ། ཞེས་གསུངས་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





