ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མུ་མཐུད་དུ་རང་དབང་ལ་འཇིགས་སྐུལ་བྱེད་པར་གདོང་ལེན་གྱིས་ལངས་ཕྱོགས་བརྟན་པོ་བཟུང་བར་ཆེ་བསྟོད་གནང་།
ཁ་སང་ཕྱི་ཚེས་ ༢༠ ཉིན་ཨ་རིའི་གཡས་ཕྱོགས་ཀྱི་ཆབ་སྲིད་ལས་འགུལ་བ་ལོ་ར་ལུ་མར་ (Laura Loomer) ལགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཏེ། ༸མགོན་པོ་གང་ཉིད་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་། བྱམས་སྙིང་རྗེ། ཤེས་རབ་ཀྱི་སྒྲོན་མེ་ཡིན་པའི་ཆེ་བསྟོད་གནང་འདུག
ལས་འགུལ་བ་ལོ་ར་ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ཨེག་སི་ (X) སྟེང་། དེ་རིང་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་། བྱམས་སྙིང་རྗེ། ཤེས་རབ་ཀྱི་སྒྲོན་མེ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་སོང་། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དང་། བོད་མིའི་སྒྲིག་འཛུགས་སོགས་ལ་ཕྱིན་པ་ཡིན། དཀའ་རྙོག་དང་ཟང་ཟིང་གིས་ཁེངས་པའི་འཛམ་གླིང་ནང་། ༸གོང་ས་མཆོག་ལ་མཇལ་བཅར་ཞུ་རྒྱུ་བྱུང་བར་སེམས་འགུལ་ཐེབས་བྱུང་། ༸མགོན་པོ་གང་ཉིད་མཆོག་གི་ཞི་འཇམ་དང་། ནང་སེམས་ཀྱི་ཞི་བདེའི་སྐོར་ལ་ཤེས་རྟོགས་གཏིང་ཟབ་ཡོད་པ། འཚེ་མེད་ཞི་བའི་ཐུགས་བསྐྱེད་དམ་བཅའ་བརྟན་པོ་ཡོད་པ་དེས། ང་ལ་བརྗེད་ཐབས་བྲལ་བའི་སེམས་འགུལ་ཐེབས་བྱུང་། དགུང་གྲངས་ ༩༠ ལ་ཕེབས་པའི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འཁྲུག་ཆ་དོད་པའི་དུས་སྐབས་འདིར་མུ་མཐུད་རང་དབང་དང་འགྲོ་བ་མིའི་ཆེ་མཐོང་། རིན་ཐང་བཅས་ལ་འཇིགས་སྐུལ་བྱེད་པའི་ལས་དོན་གྱི་ཁ་གཏད་དུ་བརྟན་པོར་ལངས་ཡོད་པ་ནི་ཧ་ལས་དགོས་པ་ཞིག་རེད། ཅེས་བརྗོད་འདུག
ཡང་ཁོང་མོས། རྒྱ་ནག་དམར་ཤོག་ཚོགས་པས་མི་ཚེ་ཧྲིལ་པོར་འགྲན་སློང་དང་འཇིགས་སྐུལ་ཆེན་པོ་བཟོས་ཡོད་ཀྱང་། གཞན་ལ་ཞབས་འདེགས་སྒྲུབ་པ་དང་མཐུན་སྒྲིལ་སྤེལ་བར་རང་གི་མི་ཚེ་བློས་བཏང་བའི་མི་ཞིག་དང་ཐུག་འཕྲད་བྱུང་བ་དེས། བདེན་པའི་སྟོབས་ཤུགས་ནི་བྱམས་དང་སྙིང་རྗེ། བཟོད་བསྲན། བློ་སྟོབས་བཅས་ལས་བྱུང་བ་ཞིག་ཡིན་པར་དྲན་སྐུལ་བྱས་བྱུང་། ངའི་མི་ཚེ་གཅིག་གི་ནང་དོན་སྙིང་ལྡན་པའི་སྒེར་གྱི་ཐུག་འཕྲད་ཐེངས་གཅིག་བྱུང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་སྙིང་རྗེ་དང་། གཞན་ཕན་གྱི་བཀའ་སློབ་དག་གིས་ང་ཚོ་ཚང་མར་མུ་མཐུད་དུ་ལམ་སྟོན་གནང་བའི་རེ་བ་དང་སྨོན་ལམ་ཡོད། ཅེས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་གི་ཚོགས་གཞོན་མའེ་ཁལ་ (Michael Kuiken) ལགས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྐུ་ཚབ་ཁག་ཅིག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་། ཁོང་གིས། ཐེངས་འདིར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཚམས་འདྲི་ཞུ་རྒྱུ་དང་། བོད་མིའི་གནས་སྟངས་རྒྱུས་ལོན་གྱི་ཆེད་དུ་དྷ་རམ་ས་ལར་བཅར་བ་ཡིན། ༸གོང་ས་མཆོག་གི་མཇལ་ཁ་ཐོབ་པར་དགའ་ཚོར་ཆེན་པོ་བྱུང་ལ། ༸མགོན་པོ་གང་ཉིད་མཆོག་དང་ལྷན་དུ་གླེང་མོལ་ཡག་པོ་བྱུང་ལ། མཇལ་ཁའི་སྐབས་༸གོང་ས་མཆོག་གིས་ཞི་བདེའི་གལ་གནད་སྐོར་བཀའ་སློབ་བསྩལ་བྱུང་། ཞེས་བརྗོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་ཧི་མ་ཅལ་གྱི་སྲིད་སྐྱོང་གསར་པ་ཀ་ཝིན་ཌར་ (Kavinder Gupta) ལགས་སུ་མཇལ་བཅར་ཞུས་ཡོད་ཅིང་། ཁོང་གིས། ༸གོང་ས་མཆོག་གིས་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་བྱམས་སྙིང་རྗེ་གོང་འཕེལ་གཏོང་བར་བརྩི་བཀུར་དང་ཆེ་བསྟོད་གནང་བ་དང་། ༸མགོན་པོ་གང་ཉིད་མཆོག་གིས་འཆམ་མཐུན་དང་། བྱམས་སྙིང་རྗེ། འཚེ་མེད་ཞི་བའི་སྐོར་ལ་བཀའ་སློབ་བསྩལ་བ་དེ་དག་ད་ལྟའི་དུས་སྐབས་འདིར་འགྲོ་བ་མིའི་རིགས་ལ་འབྲེལ་བ་ཆེན་པོ་ཡོད། དེ་སྔ་ལ་དྭགས་རང་སྐྱོང་གི་བར་བརྒལ་སྲིད་སྐྱོང་གི་ལས་དོན་གཉེར་བའི་སྐབས། ༸གོང་ས་མཆོག་ལ་མཇལ་བཅར་ཞུ་རྒྱུའི་གོ་སྐབས་བྱུང་། ད་ལན་བཞུགས་སྒར་དྷ་རམ་ས་ལར་བསྐྱར་དུ་༸གོང་ས་མཆོག་ལ་མཇལ་བཅར་ཞུ་རྒྱུ་བྱུང་བ་ནི་སེམས་ཤུགས་འཕེལ་བའི་ཉམས་མྱོང་ཞིག་རེད། ༸མགོན་པོ་གང་ཉིད་མཆོག་གིས་ཞི་བདེ་དང་། བཟོད་སྒོམ། སྙིང་རྗེའི་སྐོར་གསུང་འཕྲིན་བསྩལ་བ་དེ་དག་མུ་མཐུད་འཛམ་གླིང་ཡོངས་ཀྱི་མི་མང་ལ་སེམས་འགུལ་ཐེབས་བཞིན་ཡོད་པ་དང་། འཛམ་གླིང་ཞི་བདེ་དང་མི་ཆོས་རིང་ལུགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ལམ་སྟོན་གྱི་འོད་སྣང་ཞིག་ཏུ་གྱུར་ཡོད། ༸གོང་ས་མཆོག་གི་ལམ་སྟོན་འོག དྷ་རམ་ས་ལའི་ཆོས་དང་རིག་གཞུང་གི་ཁོར་ཡུག་དེ་ནང་པའི་ལྟ་གྲུབ་དང་སློབ་སྦྱོང་གི་གོ་ལ་ཧྲིལ་པོའི་ལྟེ་གནས་ཤིག་ཏུ་གྱུར་ཡོད་པར་བསྔགས་བརྗོད་གནང་བ་དང་། ཞི་བདེ་དང་། བྱམས་སྙིང་རྗེ། ཕན་ཚུན་བརྩི་བཀུར་སོགས་ཀྱི་བཀའ་སློབ་བརྒྱུད་མི་མང་བར་འཆམ་མཐུན་དང་། གོ་རྟོགས་མུ་མཐུད་ཤུགས་ཆེ་རུང་གཏོང་རྒྱུའི་རེ་བ་ཡོད། ཅེས་བརྗོད་འདུག
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





