དེ་རིང་ཨི་རན་སྲིད་གཞུང་དང་ཨ་རི་ལྷན་འབྱུང་འགྱུར་བདུན་ཕྲག་གཉིས་ནང་ཚུད་ཨི་རན་དང་ཨོ་མན་རྒྱལ་ཁབ་གཉིས་བར་ཆགས་པའི་འཛམ་གླིང་གི་ཚོང་དོན་མཚོ་ལམ་ཧོར་མུཛ་མཚོ་འགག (Strait of Hormuz) སྒོ་ཕྱེ་ནས། འཛམ་གླིང་གི་དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱ་རྒྱུའི་གྲོས་མཐུན་བྱུང་འདུག་ཀྱང་། གནད་དོན་དབྱེ་ཞིབ་པ་མང་དག་ཅིག་གིས། ད་ལན་གྱི་ཨ་ཨི་གཉིས་ཀྱི་གཡུལ་འགྱེད་ཁྲོད། རྒྱ་ནག་གཞུང་གིས་ཨི་རན་ལ་དམག་དོན་གྱི་ཐོག་ནས་རོགས་འདེགས་བྱས་ཏེ། ཨ་རིའི་དྲག་རྒོལ་ལ་རྒོལ་ལན་བསློགས་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག འོན་ཀྱང་། རྒྱ་ནག་གཞུང་གིས་ཨ་ཨེ་གཉིས་ཀྱིས་གྲོས་མཐུན་ཞི་འགྲིག་ཡོང་སླད་ནུས་ཤུགས་བཏོན་ཡོད་ལུགས་སྒྲོག་གིན་འདུག

གནད་དོན་དེའི་ཐད་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས། ཨི་རན་གྱིས་དྲག་ཆས་དཔུང་སྡེ་དང་གོ་མཚོན་རིགས་ཕྱིར་འཐེན་བྱས་ཏེ། ཉིན་བཅུ་གཉིས་ནང་ཚུད་བདེ་འཇགས་ཀྱི་འགྲོ་ལམ་ཡོད་པར་མོས་མཐུན་བྱས་ཡོད། ཅེས་གསུངས་འདུག་ལ། ཊོམ་ཕུ་མཆོག་གིས་ཨེ་ཨེ་ཧྥུ་པི་(AFP) གསར་ཁང་ལ། རྒྱ་ནག་གཞུང་གིས་ཨ་ཨི་གཉིས་ཀྱི་གཡུལ་འགྱེད་སྐབས། ལྐོག་ནས་ཨི་རན་སྲིད་གཞུང་ལ་རོགས་འདེགས་དང་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད་སྐོར་གསུངས་འདུག
གནད་དོན་དེའི་ཐད་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མན་སྙིང་གིས། ཕྱོགས་ཚང་མས་དངོས་གནས་བསམ་པ་རྣམ་དག་གི་ཐོག་ནས། ཐོག་མ་ནས་དམག་འཁྲུག་འདི་མགྱོགས་པོར་མཚམས་འཇོག་དགོས། འཁྲུག་རྩོད་འདིས་འཛམ་གླིང་གི་དཔལ་འབྱོར་དང་ནུས་ཁུངས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པར་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཅེས་དང་། རྒྱ་ནག་གཞུང་གིས་ཨ་ཨི་གཉིས་ཀྱི་དམག་འཁྲུག་ཞི་འགྲིག་ཡོང་སླད། ཨི་རན་ཚུད་པའི་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་འབྲེལ་ལམ་བཙུགས་ནས། ཕྱོགས་ཡོངས་ནས་དམག་དོན་མཚམས་འཇོག་དང་། ཞི་འགྲིག་ཡོང་ཐབས་ཀྱི་ལས་དོན་གཉེར་ཡོད་ལུགས་བསྒྲགས་འདུག
ཨེལ་ཇེ་ཛི་ར་(ALJAZEERA) གསར་ཁང་ལྟར་ན། རྒྱ་ནག་གཞུང་གིས་འདས་པའི་ལོ་མང་རིང་ཨི་རན་ལ་དམག་དོན་གྱི་ཐོག་ནས་རོགས་འདེགས་བྱེད་མུས་ཡིན་པའི་ཁར། ད་ལན་ཨ་ཨི་གཉིས་ཀྱི་དམག་འཁྲུག་སྐབས་ཀྱང་། ཨི་རན་གྱི་དམག་དོན་ཕྱོགས་སྟོན་མ་ལག་ཇི་པི་ཨེ་སི་ (GPS ) རྒྱ་ནག་གི་གསང་བའི་བྷེ་ཊུ་ ( BeiDou-3) ལ་བསྒྱུར་ནས། གསང་མྱུལ་དང་ས་བབ་འཆར་འགོད་བྱེད་པར་རྒྱབ་སྐྱོར་བྱས་ཡོད་འདུག་ལ། རྒྱ་ནག་གིས་གསང་འགོག་རླུང་འཕྲིན་ (YLC-8B anti-stealth radar) མཁོ་སྤྲོད་བྱས་སྟབས། ཨི་རན་གྱིས་གསང་བའི་རླུང་འཕྲིན་གྱི་རླབས་དེ་དག་ལ་བརྟེན་ནས། ཨ་རིའི་མཁའ་ལམ་དྲག་རྒོལ་ལ་རྒོལ་ལན་བསློགས་པ་དང་། མཁའ་ལམ་གྱི་དྲག་རྒོལ་ཁག་ལ་ཚོད་འཛིན་བྱས་འདུག དེ་བཞིན་ཝེ་ཀི་རིག་མཛོད་ལྟར། རྒྱ་ནག་གཞུང་གིས་ཉེ་ལམ་མངོན་གསལ་གང་ཡང་མེད་པའི་ཐོག་ནས། ཨི་རན་ལ་རླབས་འཕྲིན་མ་ལག་ (anti-stealth radar systems) མཁོ་སྤྲོད་བྱས་སྟབས། དེས་ཨ་རིའི་མཁའ་ལམ་དྲག་རྒོལ་གནམ་གྲུ་ F-35 ཅན་གྱི་འཕུར་སྐྱོད་དང་དེའི་དྲག་རྒོལ་ལ་ཚོད་འཛིན་བྱས་ཡོད་པས། ཆབ་སྲིད་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་ནག་ནི་ཨི་རན་གྱི་མངོན་མེད་དམག་དོན་གྱི་ཀ་བ་(invisible pillar) ཞེས་ཨི་རན་གྱི་རྒྱབ་སྐྱོར་བ་ཡིན་པའི་ཐད་དྲང་ལྡོག་གཉིས་ནས་གླེང་སློང་བྱེད་ཀྱི་འདུག
རྒྱ་ནག་དང་ཨི་རན་གྱི་དམག་དོན་མཉམ་ལས་ཀྱི་འཐབ་ཇུས།

རྒྱ་ནག་དང་ཨི་རན་བར་འདས་པའི་མི་ལོ་ཉི་ཤུ་ལྷག་རིང་དམག་དོན་མཉམ་འབྲེལ་བྱས་ཏེ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། དེས་མཐུན་གྲོགས་རྒྱལ་ཁབ་ཁག་གི་ས་ཁམས་ཆབ་སྲིད་ཀྱི་ཁེ་ཕན་དང་། དཔལ་འབྱོར་གྱི་འབྲེལ་ལམ། ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་དཀྱིལ་ཤར་ཁུལ་དུ་དམག་ཤུགས་སྐྱེད་པར་འགོག་རྒོལ་ཆེན་པོ་བྱེད་ཀྱིན་ཡོད་ལུགས་བསྒྲགས་ཡོད། ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་དང་ཨི་རན་གྱི་ལོ་ཉི་ཤུ་རྩ་ལྔའི་རྒྱ་ཆེ་བའི་འཐབ་ཇུས་མཉམ་ལས་གྲོས་མཐུན་(China–Iran Comprehensive Strategic Partnership) ལ་མིང་རྟགས་བཀོད་དེ། དེས་ནུས་ཤུགས་དང་། རྨང་གཞིའི་འཛུགས་སྐྲུན། བདེ་འཇགས། དེ་བཞིན་འཕྲུལ་རིག་ཡར་རྒྱས་བཅས་ཡུན་རིང་མཉམ་ལས་བྱས་ཏེ། ཨི་རན་གྱི་སྐྱེལ་འདྲེན་རྨང་གཞིའི་འཛུགས་སྐྲུན། དེ་བཞིན་རྒྱལ་སྲུང་འཕྲུལ་རིག་བཅས་ཀྱི་འཐབ་ཇུས་མཉམ་ལས་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་ལུགས་བསྒྲགས་འདུག
ས་ཁམས་ཆབ་སྲིད་ཀྱི་གནས་བབ་ཀྱི་དབང་གིས། དབུས་ཨེ་ཤ་ཡ་དང་། ཕར་ཤི་ཡན་མཚོ་འགག་ (Persian Gulf)། དེ་བཞིན་དཀྱིལ་ཤར་ཁུལ་བཅས་ཀྱི་བར་དུ་ཆགས་པའི་ཨི་རན་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་ལས་གཞིའི་ནང་གི་གཙོ་གནད་ཀྱི་འབྲེལ་མཐུད་ས་ཚིགས་ཤིག་ཡིན་ཞིང་། ཨི་རན་གྱིས་ཤར་ཨེ་ཤ་ཡ་ནས་ཡུ་རོབ་དང་། དབུས་རྒྱ་མཚོ་བར་གྱི་ས་ཐོག་དང་མཚོ་ཐོག་ནས། འཛམ་གླིང་གི་སྣུམ་གྱི་ལྔ་ཆ་གཅིག་ཙམ་ཧོར་མུཛ་མཚོ་འགག་(Strait of Hormuz) སྟངས་འཛིན་བྱས་ཏེ་མཁོ་སྤྲོད་བྱེད་ཀྱི་ཡོད་སྟབས། འཛམ་གླིང་ནང་གི་ནུས་ཤུགས་ཕྱི་འདྲེན་བྱེད་མཁན་ཆེ་ཤོས་ཡིན་པས། རྒྱ་ནག་གཞུང་གིས་ཨི་རན་ལ་མཉམ་ལས་བྱས་པ་དེས་སྣུམ་མཁོ་སྤྲོད་དང་། རྒྱུན་ཆད་མེད་པའི་མཚོ་ཐོག་ཚོང་ལམ་འགན་ལེན། རྒྱ་ནག་གི་སྣུམ་གྱི་བཟོ་གྲྭ་ཁག་གིས་ཨི་རན་ནས་སྣུམ་ནང་འདྲེན་བྱ་ཐུབ་པའི་དགེ་མཚན་བསྐྲུན་ཡོད།
ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་རྒྱ་ནག་དང་། ཨི་རན། ཨུ་རུ་སུ་བཅས་ཀྱིས་རྒྱ་གར་རྒྱ་མཚོ་ཆེན་མོ་དང་ཨོ་མན་ (Omen) མཚོ་ཁུག་ནང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་(Joint military exercises) བྱེད་མགོ་བཙུགས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨི་རན་གྱི་དམག་འཁྲུག་སླད། དེང་སྐབས་འཁོར་སྐར་བརྒྱུད་གཞན་གྱི་དམག་དཔུང་ལ་མྱུལ་ཞིབ་དང་དྲག་རྒོལ་བྱེད་ཆེད་ཀྱི་དམག་དོན་རླབས་འཕྲིན་མ་ལག་དང་། མཁའ་ལམ་འགོག་སྲུང་། གློག་རྡུལ་དམག་འཁྲུག་དང་འགོག་སྲུང་སོགས་ཀྱི་ཐད་ནས་མཉམ་ལས་དང་རོགས་འདེགས་བྱེད་མུས་ཡིན་འདུག
ཨ་རི་དང་ཨི་རན་གྱི་དམག་འཁྲུག་གི་རྒྱབ་ལྗོངས།

ཕྱི་ལོ་ ༡༩༧༩ ལོའི་ཁ་ཆེའི་གསར་བརྗེ་བྱུང་བ་ནས་བཟུང་ཨི་རན་གྱི་མགོ་ཁྲིད་ཚོས་རྒྱུན་དུ་ཨི་ཛི་རེལ་གྱི་མེད་པར་བཟོ་དགོས་པའི་འབོད་སྐུལ་བྱས་པ་དང་། ཨ་རི་ནི་དེའི་དགྲ་བོ་ཆེ་ཤོས་སུ་ངོས་འཛིན་བྱས་པ་ཡོངས་བསྒྲགས་བྱས་པ་ནས་ཨ་རི་དང་ཨི་ཟི་རེལ། ཨི་རེལ་བཅས་ཀྱི་འགལ་བ་བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༠༠ ཙམ་ནས་ཨི་རན་གྱིས་ཨི་རག་གི་དྲག་སྤྱོད་པ་རྣམས་ལ་རྒྱབ་སྐྱོར་བྱེད་མགོ་བཙུགས་པས། དེ་ནི་ཨ་རི་དང་ཨི་ཛི་རལ་གྱིས་དཀྱིལ་ཤར་ཁུལ་དུ་དབང་ཤུགས་སྐྱེད་པའི་འཐབ་ཇུས་ཀྱི་ཁ་གཏད་ལ་ལངས་པའི་ངོས་འཛིན་བྱས་ཡོད་སྟབས། ཨི་ཟི་རེལ་དང་ཨ་རི་གཉིས་ཀྱིས་ཨི་རན་རྡུལ་མཚོན་ལས་གཞིར་ནུབ་ཕྱོགས་པའི་ངོ་རྒོལ་གྱི་སྣེ་ཁྲིད་བྱས་ཡོད། ཕྱི་ལོ་ ༢༠༠༢ ལོར་ཨི་རན་གྱིས་རྡུལ་མཚོན་བཟོ་བསྐྲུན་བྱེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་རྗེས། ཨ་རི་དང་ཨི་ཛི་རལ་གཉིས་ཀྱིས་ཨི་རན་ལ་འཇབ་རྒོལ་དང་དཔལ་འབྱོར་གྱི་ཉེས་ཆད་བཅད། ཕྱི་ལོ་ ༢༠༢༠ ལོར་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གི་སྲིད་འཛིན་ལས་ཡུན་དང་པོའི་སྐབས་མཁའ་ལམ་ནས་ཨི་རན་ལ་གཏོར་རྒོལ་བྱས་ཏེ། ཨ་རི་དང་ཨི་རན་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན།
ཕྱི་ལོ་ ༢༠༡༥ ལོར་ཨི་རན་གྱི་སྐུ་ཚབ་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་སྐུ་ཚབ་བར་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་སྔོན་འགོག་གྲོས་མཐུན་ཞིག་བྱུང་ནས། མ་འོངས་པར་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་མུ་མཐུད་བཟོ་བསྐྲུན་བྱས་ཚེ། དཔལ་འབྱོར་ཉེས་ཆད་གཅོད་ཕྱོགས་ཀྱི་སྒྲོམ་གཞི་ (Framework) ཞིག་གཏན་འབེབས་བཞིན་ཉེས་ཆད་གཅད་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༥ ཟླ་ ༦ པར་ཨ་རི་དང་ཨི་ཟི་རེལ་གཉིས་ཀྱིས་ཉིན་བཅུ་གཉིས་རིང་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་དང་དམག་དོན་གྱི་དམིགས་འབེན་ལ་གཏོར་རྒོལ་བྱས་ཡོད་ལ། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཨི་རན་སྲིད་གཞུང་གིས་ཧོར་མུཛ་མཚོ་འགག་ཚོད་འཛིན་དང་དངོས་ཟོག་སྐྱེལ་འདྲེན་ལ་ཚད་བཀག དེ་བཞིན་རྒྱལ་ཁབ་བདེ་སྲུང་སོགས་ལ་ཁ་གཡར་ནས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱེད་ཀྱི་ཡོད་སྟབས། ཨ་རི་དང་ཨི་ཛི་རེལ་གྱིས་ཨི་རན་གྱི་ཏེ་རན་ (Tehran) དང་ཤི་རན་ (Shiran) སོགས་ཨི་རན་གྱི་ནུབ་ཕྱོགས་དང་དབུས་སོགས་ས་ཁུལ་ ༣༠ ལ་གཏོར་རྒོལ་བྱས་ཏེ་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་དང་བུ་མོ། ཚ་བོ། ཚ་མོ་སོགས་ཀྱང་བསད་ཡོད་འདུག ཨི་རན་འཕྲོད་བསྟེན་བློན་ཆེན་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༨ ནས་ཁ་སང་ཕྱི་ཚེས་ ༧ བར་ཨ་རི་དང་ཨི་རན་གཉིས་ཀྱི་དམག་འཁྲུག་ཁྲོད། ཨི་རན་གྱི་ཉུང་མཐར་མི་གྲངས་ ༢༠༧༦ རྐྱེན་འདས་དང་། མི་གྲངས་ ༢༦༥༠༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་ཅིང་། ཨ་རིའི་ཉུང་མཐར་དམག་མི་ ༡༣ རྐྱེན་འདས་དང་ ༢༠༠ ལྷག་ལ་རྨས་སྐྱོན་ཕོག་འདུག
ཧོར་མུཛ་མཚོ་འགག་གི་གལ་གནད་དང་འཛམ་གླིང་གི་ཚོང་དོན།

ས་ཁམས་ཆགས་ཚུལ་གྱི་ཐོག་ནས་བཤད་ན། ཧོར་མུཛ་མཚོ་འགག་དེ་ནི་ཨོ་མན་གྱི་མུ་སན་ཌམ་ (Omani Musandam Peninsula ) མཚོ་འགག་དང་ཨི་རན་བར་གྱི་མཚོ་ལམ་ཞིག་ཡིན་ལ། རྒྱ་ཁྱོན་ལ་མེ་ལི་ ༣༠ ཙམ་ཡོད་པ་དང་། དེ་ནི་ཕར་ཤི་ཡན་མཚོ་འགག་ (Persian Gulf ) དང་ཨོ་མན་ (Gulf of Oman) མཚོ་འགག་གི་འབྲེལ་མཚམས་སུ་གྱུར་ཞིང་། དེའི་བྱང་ཕྱོགས་སུ་ཨི་རན་ཆགས། ཕྱི་ལོ་ ༢༠༢༣ ནས་ ༢༠༢༥ བར་འཛམ་གླིང་གི་རླངས་སྣུམ་རློན་པ་བརྒྱ་ཆ་ ༢༠ དང་མཚོ་ཐོག་གི་སྣུམ་ཚོང་བརྒྱ་ཆ་ ༢༥ མཚོ་འགག་འདི་བརྒྱུད་ནས་སྐྱེལ་འདྲེན་བྱས་ཡོད་པས། དེ་ནི་གོ་ལའི་སྣུམ་ཚོང་གི་ས་ཚིགས་གལ་གནད་ཅན་ཞིག་ཏུ་གྱུར།
ཨ་རིའི་ནུས་པ་གནས་ཚུལ་དོ་དམ་ཁང་ (Energy Information Administration) ལྟར་ན། ཕྱི་ལོ་ ༢༠༡༡ ལོ་ནས་ཆ་སྙོམས་ཕར་ཤི་ཡན་མཚོ་འགག་ནས་མཚོ་འགག་འདི་བརྒྱུད། ཉིན་རེར་སྣུམ་འཁོར་ ༡༤ ཤར་གཏོང་བྱེད་ཀྱི་ཡོད་ཅིང་། ཉིན་རེར་སྣུམ་རྫས་རྫ་མ་ས་ཡ་ ༡༧ སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་ཁྲོད། ཕྱིར་ཚོང་གི་བརྒྱ་ཆ་ ༨༥ ལྷག་ཉི་ཧོང་དང་། རྒྱ་གར། ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ཚུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱེད་ཀྱིན་ཡོད་འདུག མཚོ་འགག་དེའི་ཁུལ་དུ་དོན་རྐྱེན་རིགས་བྱུང་བའམ། ཡང་ན་སྐྱེལ་འདྲེན་ལ་དུས་ཡུན་རིང་པོར་འགོག་རྐྱེན་ཆེན་པོ་བྱུང་ན། རྒྱ་གར་དང་རྒྱ་ནག་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་སྣུམ་གྱི་དཀའ་ངལ་འཕྲད་ཉེན་ཡོད་འདུག ཕྱི་ལོ་ ༢༠༢༥ བར་དུ་རྒྱ་མཚོའི་ལམ་ཆེན་འདི་བརྒྱུད་ནས་ཉིན་རེར་སྣུམ་རྫ་མ་ས་ཡ་ ༡༥ སྐྱེལ་འདྲེན་བྱས་ཡོད་ཀྱང་། སྐམ་སའི་ཐོག་ནས་ཉིན་རེར་མང་ཤོས་སྣུམ་རྫ་མ་ས་ཡ་ ༣ ཙམ་ཡིན་འདུག་ལ། དེ་བཞིན་རང་བྱུང་སོལ་རླངས་(Liquefied Natural Gas) ཚང་མའང་གྲུ་གཟིངས་བརྒྱུད་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་དཔལ་ལྡན་གྱིས་ཕྱོགས་བསྡུས་བྱས། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





