བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ཀྱི་གློག་བརྙན་དབྱར་གྱི་ནམ་ཟླ་ལ་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པའི་མེ་བྱ་བྱ་དགའ་དང་རྒྱལ་སྤྱིའི་གློག་བརྙན་དཔྱད་འདེམས་མཐུན་ཚོགས་ཀྱི་བྱ་དགའ་ཐོབ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ཧོང་ཀོང་རིག་གཞུང་ལྟེ་གནས་སུ། ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༥༠ པའི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འཚོགས་ཡོད་ཅིང་། ཐེངས་འདིར་འཛམ་གླིང་རྒྱལ་ཁབ་ ༧༡ ནས་གློག་བརྙན་གྲངས་ ༢༡༥ མཉམ་ཞུགས་བྱས་ཡོད་ཅིང་། སྐབས་དེར་གློག་བརྙན་འཁྲབ་ཁྲིད་པ་དང་། འཁྲབ་སྟོན་པ། གློག་བརྙན་བརྩམས་ཆོས་ལ་བྱ་དགའ་སྤྲད་ཡོད་པའི་ཁྲོད། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ཀྱི་གློག་བརྙན་དབྱར་གྱི་ནམ་ཟླ་ཞེས་པ་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པའི་མེ་བྱ་བྱ་དགའ་དང་། རྒྱལ་སྤྱིའི་གློག་བརྙན་དཔྱད་འདེམས་མཐུན་ཚོགས་ཀྱི་བྱ་དགའ་ཐོབ་ཡོད་འདུག
སྐབས་དེར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ཀྱིས། ང་ནི་བོད་ཀྱི་ལྷ་ས་གྲོང་ཁྱེར་ནས་ཡོང་བའི་གློག་བརྙན་འཁྲབ་ཁྲིད་པ་ཞིག་ཡིན། ཧོང་ཀོང་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་ ༥༠ པའི་ཐོག་འདི་འདྲའི་དམིགས་བསལ་གྱི་བྱ་དགའ་ཞིག་ཐོབ་པར་ཧ་ཅང་དགའ་བོ་བྱུང་། ཐེངས་འདིར་གཟིགས་འབུལ་ཞུས་པའི་གློག་བརྙན་ནང་དུ་དེང་སྐབས་ཀྱི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་འཚོ་བ་བརྗོད་བྱ་གཙོ་བོ་བྱས་པའི་གཏམ་རྒྱུད་ཅིག་ཡིན། ངས་མུ་མཐུད་དུ་གློག་བརྙན་ཡག་པོ་ཕབ་སྐྲུན་བྱེད་པའི་འབད་བརྩོན་བྱ་རྒྱུ་ཡིན་ལ། གློག་བརྙན་གྱི་ཁྲོད་ནས་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་རྒྱུ་ཡིན། ཞེས་བརྗོད་འདུག

དབྱར་གྱི་ནམ་ཟླ་ཞེས་པའི་གློག་བརྙན་འདི་ནི་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ཀྱིས་ཕ་ཡུལ་ལྷ་ས་ཕྱིར་དྲན་བྱས་པའི་བརྩམས་ཆོས་ཤིག་ཡིན་ཅིང་། གློག་བརྙན་གྱི་དུམ་མཚམས་སོ་སོའི་སྒྲིག་སྦྱོར་བྱེད་སྟངས་ཀྱང་ཁོང་མོའི་དངོས་ཡོད་ཀྱི་འཚོ་བ་ལས་བྱུང་བ་ཡིན་འདུག ཁོང་མོའི་འཚར་ལོངས་ཀྱི་བྱུང་རིམ་ནང་བོད་ཀྱི་སློབ་མ་མང་པོ་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་སློབ་སྦྱོང་བྱེད་དུ་འགྲོ་བཞིན་ཡོད་པ་དང་། ཁག་ཅིག་མཐོ་སློབ་མཐར་ཕྱིན་རྗེས་ཕྱིར་རང་ཡུལ་དུ་ལོག་གི་ཡོད། མཐོ་སློབ་ཀྱི་སློབ་མ་རྣམས་ཀྱིས་ཕ་ཡུལ་ལྷ་ས་དྲན་པའི་སྣང་ཚུལ་ཆེ་ཤོས་ནི་དབྱར་ཁའི་གུང་སེང་སྐབས་ཀྱི་དུས་ཚོད་དེ་ཆགས་ཀྱི་ཡོད་པ་རེད། དབྱར་ཁའི་དྲན་པ་དང་གསང་བ་ཆུང་ཆུང་དག་གིས་གློག་བརྙན་ལ་འདི་ལ་དམིགས་བསལ་གྱི་པར་རིས་ཤིག་བསྐྲུན་ཡོད་པ་རེད། དེ་ཡང་སྐད་ཅིག་དང་། རྟག་བརྟན། མི་གསལ་བ། འགུལ་སྐྱོད་བཅས་མཉམ་དུ་འདུས་ཡོད། ལྷ་ས་གྲོང་ཁྱེར་གྱི་ནམ་མཁའི་ཉི་འོད་དང་། གྲིབ་གཟུགས། བར་སྣང་གི་འགྱུར་བ་སོགས་ཞིབ་འབྲི་བྱས་ཡོད། དེ་བཞིན་བསམ་སྐྱིད་དང་ལྷ་མོ་གཉིས་ཀྱི་བྱིས་པའི་འཚར་ལོངས་ཁྲོད་ཀྱི་ཆེས་གསོན་ཉམས་ལྡན་པའི་གཏམ་རྒྱུད་དག་བརྙན་རིས་སུ་ཕབ་སྐྲུན་བྱས་ཡོད་འདུག
བོད་ཀྱི་བུད་མེད་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ནི་ཕྱི་ལོ་ ༡༩༩༥ ལོར་བོད་ཀྱི་ལྷ་ས་གྲོང་ཁྱེར་དུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་བརྡ་འཕྲིན་སློབ་གླིང་(中国传媒大学)གི་གློག་བརྙན་སྡེ་ཁག་ནས་འབུམ་རམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༢༤ ལོར་ཁོང་མོར་བོད་རང་སྐྱོང་ལྗོངས་ཟེར་བའི་གསར་གཏོད་མི་སྣ་ཞེས་པའི་གཟེངས་རྟགས་ཐོབ། ཕྱི་ལོ་ ༢༠༢༥ ལོར་ཧྥ་སི་ཌི་( FIRST Youth Film fistival )གཞོན་སྐྱེས་གློག་བརྙན་དུས་སྟོན་ཐོག་ཁོང་མོའིོ་གློག་བརྙན་ཨོ་ལོ་ཞེས་པ་བདམས་ཐོན་བྱུང་ཡོད་ལ། ཕྱི་ལོ་ ༢༠༢༥ ཁོང་མོའི་གློག་བརྙན་དབྱར་གྱི་ནམ་ཟླ་ཉི་ཧོང་ཊོག་ཡོ་གློག་བརྙན་དུས་སྟོན་ཐེངས་ ༣༨ པའི་ནང་བདམས་ཐོན་བྱུང་ཡོད་འདུག
གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།





