བོད་རང་སྐྱོང་ལྗོངས་ཟེར་བའི་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་དང་། གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི་རྫོང་དཔོན་ཀྲུའུ་ཐའོ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཕུར་བཀྲ་བཅས་ཀྱིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་བོད་ལྗོངས་ཉིན་རེའི་ཚགས་པར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་གི་རྫོང་དཔོན་ཀྲུའུ་ཐའོ་ཟེར་བས་སྒྲིག་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག བོད་རང་སྐྱོང་ལྗོངས་ཟེར་བའི་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དང་། ལྟ་ཞིབ་ལྷན་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས་འདུག་ལ། ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་ཟེར་བའི་དྲུང་ཆེ་གཞོན་པ་དང་། དམར་ཤོག་ཚོགས་པའི་ཚོགས་མི་ཕུར་བཀྲ་ཡིས་སྒྲིག་ཁྲིམས་དང་འགལ་བའི་ནག་ཉེས་ཚབས་ཆེན་བསགས་ཡོད་པའི་དོགས་གཞིའི་འོག ཆབ་མདོ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལྷན་ཁང་གིས་ཞིབ་བཤེར་བྱེད་བཞིན་ཡོད་འདུག
དགྲ་འདུལ་ནི་ཕྱི་ལོ་ ༡༩༦༨ ལོར་བོད་ཀྱི་འབའ་ཐང་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༡ ལོར་གཞིས་རྩེའི་ཡུལ་སྐོར་ལས་ཁུངས་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཟེར་བའི་གསར་འགྱུར་ཁང་དུ་འགན་ཁུར་གྱི་ལས་དོན་གཉེར་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བའི་དྲིལ་བསྒྲགས་ལས་ཁུངས་ཚན་པ་ཁག་ཅིག་གི་ནང་ལས་ཀ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ནས་ ༢༠༢༦ བར་ལྷ་ས་གྲོང་ཁྱེར་གྱི་རྒྱུན་ལས་གྲོང་ཁྱེར་སྤྱི་ཁྱབ་གཞོན་པའི་ལས་འགན་འཁུར། སྐབས་དེར་ཁོང་གིས་སྒྲིག་ཁྲིམས་དང་འགལ་བའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་མུས་ཡིན་འདུག
འདས་པའི་མི་ལོ་གཉིས་ལྷག་གི་རིང་ཉུང་མཐར་བོད་ཁུལ་གྱི་མཐོ་རིམ་དཔོན་རིགས་ ༢༠ ཙམ་ཞིབ་བཤེར་གྱིས་གནས་དབྱུང་བཏང་ཡོད་པའི་ཁྲོད། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢༢ ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བའི་མགོ་ཁྲིད་ཟུར་པ་ཆེ་དགྲ་ལྷས་ཕུགས་འདུན་འདུ་ཤེས་ཤོར་བ་དང་། ཐོག་མའི་དམ་བཅའ་དང་འགན་འཁྲི་ལ་རྒྱབ་འགལ་བྱས་པ་སོགས་ཀྱི་ནག་ཉེས་འོག་དམར་ཤོག་ཚོགས་པ་དང་ས་གནས་ནས་ཕྱིར་འབུད་བཏང་སྟེ་ཞིབ་དཔྱོད་ཁང་ལ་རྩིས་སྤྲད་ཡོད་པ་རེད། ཕྱི་ལོ་ ༢༠༢༤ ཟླ་ ༧ ༡༦ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་ཟུར་པ་ཝུའུ་ཡིན་ཅེ་ཟེར་བས་རྒྱ་སྒོར་ས་ཡ་ ༣༤༣ ལྷག་གི་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད་པ་ཕྱིར་བསྒྲགས་བྱས་པ་རེད།
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།




