རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན་ནས་ཕྱོགས་གཉིས་ཀྱི་ཚོང་དོན་དང་དམག་དོན་གྱི་ཐད་ནས་མཉམ་འབྲེལ་བྱ་རྒྱུའི་གྲོས་མཐུན་བྱུང་འདུག
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱི་ཉིན་གྲངས་གཉིས་རིང་གི་གཞུང་འབྲེལ་སྐོར་སྐྱོད་དང་བསྟུན། བྱང་ཀོ་རི་ཡའི་རྒྱལ་ས་ཕེན་ཡཱང་དུ་ཕྱིན་ནས་བྱང་ཀོ་རི་ཡའི་མགོ་འཁྲིད་ཀིམ་ཇུང་ཨུན་དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་དམག་དོན་ཚུད་པའི་མཉམ་འབྲེལ་གྱི་ནུས་པ་གོང་མཐོར་གཏང་རྒྱུའི་ཐད་གྲོས་མཐུན་བྱུང་ཡོད་ཅིང་། དེ་ནི་ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་སུ་བྱང་ཀོ་རི་ཡར་སྐྱོད་ཐེངས་དང་པོར་གྱུར་འདུག
གནད་དོན་དེ་དང་འབྲེལ་ནས་རྒྱ་ནག་དམག་ཤོག་ཚོགས་པའི་མགོ་འཁྲིད་ཞི་ཅིན་ཕིན་གྱིས། ཕྱོགས་གཉིས་ཀྱིས་ཡུན་གནས་སྟོབས་ཤུགས་མཉམ་སྐྱེད་ཐད་གོ་བསྔུར་བྱུང་བ་བཞིན། མཉམ་འདུས་ཀྱི་སྟོབས་ཤུགས་ཆེར་སྐྱེད་ཀྱི་ལས་དོན་གཉེར་འདུན་ཡོད་པའི་མུར། རྒྱ་ནག་གིས་ཚོང་དོན་དང་། ཞིང་ལས་ཐོན་སྐྱེད། འཕྲོད་བསྟེན། འཛུགས་སྐྲུན། ཚན་རྩལ་དང་འཕྲུལ་རིག་སོགས་ཀྱི་ཐོག་མཉམ་ལས་རོགས་འདེགས་བྱ་འདུན་ཡོད་ལུགས་བཤད་འདུག གནད་དོན་དེ་དང་འབྲེལ་ནས་བྱང་ཀོ་རི་ཡའི་མགོ་འཁྲིད་ཀིམ་གྱིས། བྱང་ཀོ་རི་ཡའི་རྒྱ་ནག་དང་ལྷན་གྱི་མཛའ་འབྲེལ་ནི་དུས་སྐབས་གསར་པའི་བྱང་ཀོ་རི་ཡའི་འགྱུར་མེད་ཀྱི་ཐབས་ཇུས་རང་བཞིན་གྱི་གདམ་ག་གསར་པ་ཞིག་ཡིན་ལུགས་བཤད་འདུག
ད་ལྟ་གསར་ལམ་ཁག་ཏུ། རྒྱ་ཀོ་གཉིས་ཀྱི་མགོ་འཁྲིད་ཐུག་འཕྲད་བྱས་ཏེ་ཕྱོགས་གཉིས་ཀྱི་ཚོང་དོན་དང་དམག་དོན་ཚུད་པའི་མཉམ་འབྲེལ་གྱི་ལས་དོན་མང་དག་ཅིག་ལ་མཉམ་ལས་བྱ་རྒྱུ་ཡིན་ལུགས་བསྒྲགས་ཡོད་ཀྱང་། ཕྱོགས་གཉིས་ཀྱི་དམག་དོན་འཐབ་ཇུས་དང་གོ་མཚོན་བཟོ་སྐྲུན་སོགས་དང་འབྲེལ་བའི་གནས་ཚུལ་གང་ཡང་ཕྱིར་བསྒྲགས་བྱས་མི་འདུག གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་རྒྱ་ནག་གཞུང་གིས་ཨུ་རུ་སུ་དང་། བྱང་ཀོ་རི་ཡ་སོགས་ཚུད་པའི་རྒྱ་ནག་གི་ཕྱོགས་ཁག་རྒྱལ་ཁབ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། དམག་དོན་དང་ཚོང་དོན་གྱི་ཐོག་ནས་ཨ་རིའི་ཁ་གཏད་ལ་ལངས་ཏེ། རྒྱ་ནག་གིས་འཛམ་གླིང་གི་སྣེ་འཁྲིད་པའི་དམག་དོན་གྱི་སྒྲིག་འཛུགས་ཤིག་ཆེད་འཛུགས་བྱེད་མུས་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག
འདི་ལོའི་ཕྱི་ཟླ་ ༤ ནང་རྒྱ་ཀོ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་ཐུག་འཕྲད་སྐབས། འདི་ལོར་ཕྱི་ལོ་ ༡༩༦༡ ལོར་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཚོང་དོན་འབྲེལ་ལམ་བཙུགས་ནས་མི་ལོ་ ༦༥ འཁོར་བའི་དུས་སྐབས་དང་བསྟུན། དེང་གི་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་འཕོ་འགྱུར་གྱི་ཁ་ཕྱོགས་བཞིན། དུས་གཏན་དུ་ཡིད་ཆེས་དང་མཛའ་བརྩེའི་ཐོག་གྲོས་མོལ་གྱི་ལམ་ནས་རྒྱབ་སྐྱོར། དེ་བཞིན་གཉིས་ཕན་གྱི་འབྲེལ་ལམ་ལས་མི་མང་འབྲེལ་འདྲིས་དང་རིག་གཞུང་བརྗེ་ལེན། ཀོ་རི་ཡའི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་ཡར་རྒྱས་གཏོང་བར་སྐུལ་འདེད་བྱ་རྒྱུ་ཡིན་ལུགས་ཀྱི་ཐད་ལ་གླེང་སློང་བྱས་འདུག་ལ། རྒྱ་ནག་དང་བྱང་ཀོ་རི་ཡའི་བར་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་ཚོང་དོན་མཉམ་ལས་ཀྱི་ལས་དོན་གཉེར་ཡོད་ཅིང་། ཀོ་རི་ཡས་རྒྱ་ནག་ལ་མཚོ་ཟས་དང་། ལྕགས་རྡོ་(Iron ore)། རས་ཆ་སོགས་ཕྱིར་ཚོང་དང་། རྒྱ་ནག་ནས་སྣུམ་དང་རྡོ་སྣུམ་གྱི་ཐོན་རྫས་ཁག འཕྲུལ་རིགས། ཟས་རིགས། ཐོན་འབྲས་དང་རྫས་རིགས་སོགས་ནང་འདྲེན་བྱས་ནས། རྒྱལ་ཁབ་དེའི་ཚོང་དོན་གྱི་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ཟོག་བརྒྱ་ཆ་དགུ་བཅུ་ལྷག་རྒྱ་ནག་ནས་སྐྱེལ་འདྲེན་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་ནི་ཁེར་ཚུགས་སུ་གནས་པའི་བྱང་ཀོ་རི་ཡའི་ཚོང་དོན་གྱི་ཐོག་ནས་འབྲེལ་ལམ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་བས། རྒྱ་ནག་གིས་ཚོང་དོན་དང་ཐབས་ཇུས་ཀྱི་ཐོག་ནས་ཚོད་འཛིན་ནན་མོ་བྱེད་མུས་ཡིན་འདུག
ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣༠ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཀིམ་ཇུང་ཨན་གཉིས་ལྷོ་བྱང་ཀོ་རི་ཡའི་རྒྱལ་མཚམས་སུ་ཐུག་འཕྲད་གནང་ཡོད་པ་མ་ཟད། ཀིམ་ཇུང་ཨན་གྱི་སྣེ་ལེན་ལྟར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཀིམ་དང་ལྷན་དུ་བྱང་ཀོ་རི་ཡའི་ས་ཆའི་ཐོག་གོམ་པ་ ༢༠ སྤོས་ཏེ། དེ་ནི་ལོ་རྒྱུས་ནང་ཨ་རིའི་ལས་ཐོག་སྲིད་འཛིན་ཞིག་བྱང་ཀོ་རི་ཡའི་ས་ཐོག་ཏུ་ཕེབས་པ་ཐོག་མ་ཆགས་ཡོད་ཅིང་། སྐབས་དེ་ནས་ཊོམ་ཕུ་སྲིད་གཞུང་གིས་བྱང་ཀོ་རི་ཡར་འབྲེལ་ལམ་འཛིན་ཐབས་དང་། རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཇེ་ཉུང་དུ་འགྲོ་རྒྱུའི་རེ་བ་བཅངས་ཡོད། ཕྱི་ལོ་ ༢༠༡༨ དང་ ༢༠༡༩ ལོར་ཀིམ་དང་རྒྱ་ནག་གི་ཞི་ཅིན་ཕིན་གཉིས་ཐེངས་འགར་ཐུག་འཕྲད་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་ཀིམ་ཇུང་ཨན་སྔོན་ཆད་ཁོའི་ཕ་རྒན་ཀེམ་ཇུང་ཨེལ་རྒྱ་ནག་ནང་སྐྱོད་བྱེད་ཀྱི་མེ་འཁོར་ནང་བསྡད་དེ། ཁུ་སིམ་སིམ་གྱིས་རྒྱ་ནག་པེ་ཅིན་དུ་ཕྱིན་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་ཀིམ་ལ་མཐོང་ཆེན་གྱིས་ཉིན་མ་མང་པོར་མེ་འཁོར་གྱི་འགྲུལ་བཞུད་བཀག་ནས། ཀིམ་གྱི་རྒྱ་ནག་གི་འགྲུལ་བཞུད་ལ་སྣེ་ལེན་ཟབ་རྒྱས་བྱས་ཡོད་པས། ལྷོ་ཀོ་རི་ཡས་ཀིམ་གྱི་རྒྱུན་ལྡན་མིན་པའི་ཐེངས་དེའི་འགྲུལ་བཞུད་དེའི་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་མུར། སླར་ཡང་རྒྱ་ཨུ་ཀོ་གསུམ་གྱི་གཏིང་ནག་པའི་མཉམ་འབྲེལ་ལ་དོགས་གཟོན་བྱ་དགོས་སྐོར་བསྒྲགས།
ཕྱི་ལོ་ ༡༩༡༠ ལོར་ཉི་ཧོང་གིས་ཀོ་རི་ཡར་བཙན་འཛུལ་བྱས་པ་ནས་བཟུང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་རི་དང་ཨུ་རུ་སུ་གཉིས་མཐུན་ཕྱོགས་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་དེ་གཉིས་ཀྱི་དམག་དཔུང་ཀོ་རི་ཡར་བཏང་སྟེ་ཉི་ཧོང་གི་བཙན་འཛུལ་འོག་ནས་བཅིངས་འགྲོལ་ཐོབ་ཡོད་ནའང་། ཨ་རིའི་དམག་གིས་ཀོ་རི་ཡའི་ལྷོ་ཁུལ་རྣམས་བཟུང་བ་དང་། ཨུ་རུ་སུའི་དམག་གིས་ཀོ་རི་ཡའི་བྱང་ཁུལ་བཟུང་སྟེ་མཐར་ཨ་རི་དང་ཨུ་རུ་སུ་གཉིས་ཀོ་རི་ཡ་རང་གི་སྲིད་གཞུང་སླར་གསོ་བྱེད་ཕྱོགས་ལ་མ་མཐུན་པ་ཆེན་པོ་བྱུང་སྟེ། རང་རང་གིས་བཟུང་བའི་ཀོ་རི་ཡའི་ལྷོ་བྱང་གི་ས་མཚམས་ལ་དམ་དྲག་བྱེད་མགོ་བཙུགས། གསར་དུ་བཙུགས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ ༡༩༤༧ ལོར་ཀོ་རི་ཡའི་ནང་སྲིད་གཞུང་གཅིག་རང་འཛུགས་རྒྱུའི་གྲོས་ཆོད་བཞག་ཡོད་ཀྱང་དེ་ལ་ཨུ་རུ་སུས་ངོས་ལེན་མ་བྱས། དེར་བརྟེན་ ༡༩༤༨ ལོར་ཀོ་རི་ཡའི་ནང་བྱང་དུ་ཨུ་རུ་སུས་རྒྱབ་སྐྱོར་བྱས་པའི་ཀོ་རི་ཡ་དམར་ཤོག་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཞིག་དང་། ལྷོ་རུ་ཨ་རིས་རྒྱབ་སྐྱོར་བྱས་པའི་ལྷོ་ཀོ་རི་ཡ་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྲིད་གཞུང་གཉིས་དངོས་སུ་བཙུགས་ཏེ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་བར་མཐའ་མཚམས་རྩོད་གླེང་དང་གདོང་ཐུག་ཡོང་མུས་ཡིན་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།