མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་མ་ཎི་རྡོ་འབུམ་བཤིག་པ། སྒོ་དར་དང་དར་ལྕོག་མེར་བསྲེགས་པ། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་བཅུག་ནས་བོད་མི་རྣམས་ལ་ལུས་སེམས་གཉིས་ནས་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་འདུག

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ ༤ ནང་ཞོང་ཡོན་ལི་ (xiong yuan lai ) ཟེར་བའི་རྒྱ་མི་ཞིག་མཚོ་ལྷོ་བོད་རིགས་རང་སྐྱོང་ལྗོངས་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོས་རྗེས། ཕྱི་ཟླ་ ༤ ནས་ད་ལྟ་བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་ཆ་རྫོང་དང་། ཁྲི་ཀ་རྫོང་། མང་རྫོང་། འབའ་རྫོང་། བྲག་དཀར་རྫོང་སོགས་ཀྱི་རྫོང་རིམ་པ་དང་། གྲོང་བརྡལ་རིམ་པ་བྱས་ནས་མ་ཎི་རྡོ་འབུམ་བཤིག་པ། སྒོ་དར་དང་དར་ལྕོག་མེར་བསྲེགས་པ། རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱས་བཅུག་པ། དེ་བཞིན་བོད་རིགས་ལས་བྱེད་མང་དྲགས་ཡོད་ལུགས་བཤད་ནས་ཕྱིར་ཕུད་བཏང་བ་མ་ཟད། ཕྱོགས་ཡོངས་ནས་དམ་དྲག་ཤུགས་ཆེན་བྱས་སྟབས་བོད་མི་རྣམས་ཀྱི་ལུས་སེམས་གཉིས་ལ་དཀའ་ངལ་ཕྲད་དང་འཕྲད་མུས་ཡིན་འདུག
བོད་ནང་གི་གནས་ཚུལ་མཁོ་སྤྲོད་པས། ཕྱི་ལོ་ ༢༠༢༦ ཟླ་ ༤ ཙམ་ནས་རྒྱ་ནག་གཞུང་གིས་དམར་ཤོག་རིང་ལུགས་སུ་བསྒྱུར་དགོས་པ་དང་། མི་རིགས་ནི་ཆོས་ལུགས་ལས་གལ་ཆེ་བ། མི་རིགས་ཀྱི་བཅའ་ཁྲིམས་ནི་ཆོས་ལུགས་ལས་གལ་ཆེ་བ་ཡིན་པ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་གཅེས་བཅོས་བྱ་རྒྱུའི་སྐོར་གྱི་ཞི་ཅིན་ཕིན་གྱི་བསམ་བློ་ལ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་སོགས་བརྗོད་ནས། རྫོང་ཁག་དེ་དག་གི་ནང་། མ་ཎི་རྡོ་འབུམ་བརྒྱ་ཕྲག་མང་པོ་ཞིག་བཤིག་ནས་ས་འོག་ཏུ་བཅུག་དང་འཇུག་མུས་ཡིན་ཞིང་། མཚོ་ལྷོ་ཁུལ་གྱི་རྫོང་ཁག་དང་། གྲོང་བརྡལ་ཁག་སོ་སོའི་མ་ཎི་རྡོ་འབུམ་བརྒྱ་ཆ་དགུ་བཅུ་ལྷག་ས་འོག་ཏུ་བཅུག་ཚར་སོང་། ཞེས་བརྗོད་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པས། ད་ལྟ་མཚོ་ལྷོ་ཁུལ་གྱི་རྫོང་ཁག་སོ་སོའི་ནང་རླུང་རྟ་དང་དར་ལྕོག ཁྱིམ་ཚང་རེ་རེའི་ཁང་མདུན་གྱི་དར་ཤིང་སོགས་བཀོག་ནས་མེར་བསྲེགས་ཡོད་པ་མ་ཟད། མི་ཚང་ཚང་མའི་ཁང་ཐོག་ཏུ་རྒྱ་ནག་གཞུང་གི་རྒྱལ་དར་བཙན་གྱིས་སྒྲེང་འཛུགས་བྱས་བཅུག་སོང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་གི་ལས་བྱེད་ནང་བོད་རིགས་ལས་བྱེད་པ་མང་དྲགས་ཡོད་ལུགས་བཤད་ནས། བོད་རིགས་ལས་བྱེད་མང་པོ་ཞིག་ཕྱིར་ཕུད་བྱས་ནས། རྒྱ་རིགས་ལས་བྱེད་མང་པོ་ཞིག་གསར་བསྐོ་བྱས་སོང་། ངའི་གྲོང་པ་ཁྱིམ་མཚེས་ཚང་གི་བུ་ཞིག་བོད་རིགས་ལས་བྱེད་མང་དྲགས་ཡོད་ལུགས་བཤད་ནས། གཞུང་གི་ལས་གནས་ནས་ཕྱིར་ཕུད་བྱས་འདུག་ལ། དམིགས་བསལ་གསོག་དངུལ་སོགས་སྟེར་ཡོད་མེད་མ་ཤེས། ཞེས་བརྗོད་བྱུང་།
ཡང་བོད་ནང་གི་འབྲེལ་ཡོད་ཅིག་གིས། ཁ་སང་དེ་རིང་ང་ཚོར་དཔོན་པོ་གསར་པ་ཞིག་ཡོང་ནས་སྐྱིད་ཉི་མ་འདྲ་བ་ཞིག་ཀྱང་རིག་གི་མེད། གཅིག་བཙན་ཀི་ར་མི་ཉན་ཀི ས་རུབ་ན་ནམ་ལངས་མི་ཐུབ་པ་དང་། ནམ་ལངས་ན་ས་རུབ་མི་ཐུབ་པའི་གནས་སྟངས་འོག་ལྷུང་ཡོད། ཁྱིམ་ཚང་ཚང་མའི་སྒོ་དར་སོགས་མེར་བསྲེགས་ནས་མགོ་ཐོག་ལ་ཕྱི་ལོ་ ༡༩༥༨ ལོའི་གཉའ་གནོན་ཐོན་པ་དང་འདྲ། ཞེས་བརྗོད་བྱུང་།
འདི་གའི་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ ནང་ཞོང་ཡོན་ལི་ཟེར་བའི་རྒྱ་མི་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱ་ནག་དམར་ཤོག་དྲུང་ཆེ་རུ་བསྐོས་རྗེས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་ཁུལ་དུ་བོད་མིའི་དད་མོས་དང་ཡུལ་སྲོལ་གོམས་གཤིས་སོགས་རྡོག་རོལ་བཏང་ནས། ད་ལྟ་རྒྱ་བསྒྱུར་གྱི་དྲག་གནོན་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་དང་བྱེད་མུས་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





