ཨ་རི་དང་ཨི་རན་གཉིས་གྲོས་མཐུན་དོན་ཚན་བཅུ་བཞི་ཡི་དགོངས་དོན་བཞིན་ཕན་ཚུན་མཉམ་ལས་དང་དམག་འཁྲུག་མཚམས་འཇོག་བྱ་རྒྱུ་ཡིན་འདུག

ཨི་རན་དང་ཨ་རི་བར་འདས་པའི་ཟླ་ཤས་རིང་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་དུ་དམག་འཁྲུག་དང་རྩོད་རྙོག་མང་དག་ཅིག་བྱུང་བ་ལྟར། ཁ་སང་ཕྱི་ཚེས་ ༡༧ ཉིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས་ཧྥ་རན་སིར་འདུས་པའི་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་ཚོགས་འདུའི་ཐོག་ནས་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་མཚན་རྟགས་བཀོད་དེ། ཕྱོགས་གཉིས་ཀྱིས་དམག་འཁྲུག་མཚམས་འཇོག་དང་། ཧོར་མུཛ་མཚོ་འགག་ཕྱེ་ནས་འཛམ་གླིང་གི་ཚོང་དོན་ལ་དོ་ཕོག་མི་བཟོ་ཐབས། ཕྱོགས་གཉིས་བར་མཉམ་ལས་དང་ཨ་རིས་ཧོར་མུཛ་མཚོ་འགག་ལ་དམག་འཁྲུག་སྐབས་གཏོར་རྒོལ་བྱུང་བར་ཉམས་གསོ་དང་འཛུགས་སྐྲུན། དེ་བཞིན་ཨི་རན་གྱི་དཔལ་འབྱོར་ཡར་སྐྱེད་སླད་ཉུང་མཐར་ཨ་སྒོར་ཐེར་འབུམ་ ༣༠༠ ལྷག་གིས་རོགས་འདེགས་བྱ་རྒྱུའི་གྲོས་མཐུན་བྱུང་འདུག
ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས་གྲོས་མཐུན་དེར་མཚན་རྟགས་བཀོད་རྗེས། ངས་དཔལ་འབྱོར་གྱི་གོད་ཆག་མཐོང་འདོད་མེད། གལ་ཏེ་འདི་མུ་མཐུད་ནས་བཞག་ན། དེ་འདྲ་ཞིག་འབྱུང་སྲིད། ཅེས་དང་། ང་ཚོས་ཞི་བདེའི་སྐོར་གླེང་སྐབས་ཚོང་རའི་མ་རྐང་དེ་སྐར་མདའ་ལྟར་མཐོ་རུ་འགྲོ་བར་མཐོང་ཐུབ་ལ། དྲག་པོ་དང་གོ་མཚོན་གྱིས་འཐབ་རྩོད་བྱེད་དུས་རང་བཞིན་གྱི་ཁྲོམ་རའི་མ་རྐང་ཆག་ངེས་ཡིན་སྐོར་སོགས་གསུངས་འདུག ཨི་རན་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཨ་ཨི་གཉིས་ཀྱི་གྲོས་མཐུན་གྱི་སྣེ་འཁྲིད་མཁན་མོ་ཧ་མི་ཐི་བྷ་གར་གྷ་ལི་བྷ་ཧྥི་(Mohammad Bagher Ghalibaf) ཡིས། གལ་ཏེ་དགྲ་བོས་གཏན་ཚིགས་ཀྱི་སྐད་ཆ་མ་གོ་ན། ང་ཚོས་སླར་ཡང་དབང་ཤུགས་ཀྱིས་འཛུལ་ངེས་ཡིན། ཞེས་བརྗོད་འདུག
ཨ་རི་དང་ཨི་རན་བར་གྲོས་མཐུན་དོན་ཚན་བཅུ་བཞིར་གྲོས་མཐུན་བྱུང་བའི་ཁྲོད། ཨ་རིས་དཀྱིལ་ཤར་ཨེ་ཤ་ཡའི་ཁུལ་དུ་ཨི་རན་ལ་ཆེད་དུ་དམིགས་ནས་བཞག་པའི་ཨ་རིའི་དམག་མི་རྣམས་ཉིན་གྲངས་ ༣༠ ནང་ཚུད་ལ་ཕྱིར་འཐེན་དང་། ཨ་རིས་ཧོར་མུཛ་མཚོ་འགག་ལ་ཕྱོགས་གཉིས་ཀྱི་དམག་འཁྲུག་སྐབས་གཏོར་རྒོལ་བྱུང་བར་ཉམས་གསོ་དང་འཛུགས་སྐྲུན། དེ་བཞིན་ཨི་རན་གྱི་དཔལ་འབྱོར་ཡར་སྐྱེད་སླད་ཉུང་མཐར་ཨ་སྒོར་ཐེར་འབུམ་ ༣༠༠ ལྷག་གིས་རོགས་འདེགས་བྱ་རྒྱུ། ཨ་རིས་ཨི་རན་གཞུང་ལ་བཀལ་བའི་དངུལ་གྱི་ཉེས་ཆད་མེད་པར་བཟོ་རྒྱུ་དང་། མ་འོངས་པར་ཉེས་ཆད་མི་དགལ་རྒྱུར་མོས་མཐུན། ཨི་རན་གྱིས་ཀྱང་ཧོར་མུཛ་མཚོ་འགག་ནས་འགྲུལ་མི་བདེ་འཇགས་ངང་འཛམ་གླིང་ཡོངས་སུ་ཤར་གཏོང་དང་མཚོ་ཁྲལ་སོགས་མི་ལེན་པ། མ་འོངས་པར་རྡུལ་མཚོན་མི་བཟོ་རྒྱུའི་གྲོས་མཐུན་བྱུང་འདུག
ཁ་སང་ཕྱི་ཚེས་ ༡༧ རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་ལིན་ཅེན་ (Lin Jian) ཟེར་བས་རྒྱུན་ལྡན་གྱི་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། ཨ་རི་དང་ཨི་སི་རེལ། ཨི་རན་བཅས་ཀྱི་དམག་འཁྲུག་གི་དབང་གིས་དཀྱིལ་ཤར་ཨེ་ཤ་ཡའི་མི་མང་ལ་ཚད་ལས་འདས་པའི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་སྟབས། རྒྱ་ནག་གིས་འདི་ལོའི་ཕྱི་ཟླ་ ༣ པ་ནས་ཨི་རན་ལ་ངལ་སེལ་གྱི་རོགས་འདེགས་བྱེད་མུས་ཡིན་པའི་ཁར། རྒྱ་ནག་དང་འབྲེལ་ལམ་ཟབ་པའི་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་རོགས་འདེགས་བྱེད་མུས་ཡིན་ལ། རྒྱ་ནག་གིས་འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ཁེ་ཕན་སྲུང་སྐྱོབ་དང་། ཞི་བདེ་ཡོང་སླད་ཞི་བའི་གྲོས་མོལ་ཡོང་རྒྱུར་སྐུལ་མ་བྱེད་ཀྱི་ཡོད་ལུགས་བསྒྲགས་འདུག ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་རྒྱ་ནག་དང་། ཨི་རན། ཨུ་རུ་སུ་བཅས་ཀྱིས་རྒྱ་གར་རྒྱ་མཚོ་ཆེན་མོ་དང་ཨོ་མན་ (Omen) མཚོ་ཁུག་ནང་མཉམ་འབྲེལ་དམག་དོན་སྦྱོང་བརྡར་(Joint military exercises) བྱེད་མགོ་བཙུགས་ཡོད་ཅིང་། རྒྱ་ནག་གཞུང་གིས་ཨི་རན་གྱི་དམག་འཁྲུག་སླད། དེང་རབས་འཁོར་སྐར་བརྒྱུད་གཞན་གྱི་དམག་དཔུང་ལ་མྱུལ་ཞིབ་དང་དྲག་རྒོལ་བྱེད་ཆེད་ཀྱི་དམག་དོན་རླབས་འཕྲིན་མ་ལག་དང་། མཁའ་ལམ་འགོག་སྲུང་། གློག་རྡུལ་དམག་འཁྲུག་དང་འགོག་སྲུང་སོགས་ཀྱི་ཐད་ནས་མཉམ་ལས་དང་རོགས་འདེགས་བྱེད་མུས་ཡིན་འདུག
ཕྱི་ལོ་ ༢༠༡༥ ལོར་ཨི་རན་གྱི་སྐུ་ཚབ་དང་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ཁག་གི་སྐུ་ཚབ་བར་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་སྔོན་འགོག་གྲོས་མཐུན་ཞིག་བྱུང་ནས། མ་འོངས་པར་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་མུ་མཐུད་བཟོ་བསྐྲུན་བྱས་ཚེ། དཔལ་འབྱོར་ཉེས་ཆད་གཅོད་ཕྱོགས་ཀྱི་སྒྲོམ་གཞི་ཞིག་གཏན་འབེབས་བཞིན་ཉེས་ཆད་གཅད་རྒྱུ་ཡིན་པའི་ཐག་གཅོད་བྱུང་ཡོད་སྟབས། ཕྱི་ལོ་ ༢༠༢༥ ཟླ་ ༦ པར་ཨ་རི་དང་ཨི་ཟི་རེལ་གཉིས་ཀྱིས་ཉིན་བཅུ་གཉིས་རིང་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་དང་དམག་དོན་གྱི་དམིགས་འབེན་ལ་གཏོར་རྒོལ་བྱས་ཡོད་ལ། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢༨ ཉིན་ཨི་རན་སྲིད་གཞུང་གིས་ཧོར་མུཛ་མཚོ་འགག་ཚོད་འཛིན་དང་དངོས་ཟོག་སྐྱེལ་འདྲེན་ལ་ཚད་བཀག དེ་བཞིན་རྒྱལ་ཁབ་བདེ་སྲུང་སོགས་ལ་ཁ་གཡར་ནས་རྡུལ་ཕྲན་མཚོན་ཆ་བཟོ་བསྐྲུན་བྱས་ཡོད་སྟབས། ཨ་རི་དང་ཨི་ཛི་རལ་གྱིས་ཨི་རན་གྱི་ཏེ་རན་ (Tehran) དང་ཤི་རན་ (Shiran) སོགས་ཨི་རན་གྱི་ནུབ་ཕྱོགས་དང་དབུས་སོགས་ས་ཁུལ་ ༣༠ ལ་གཏོར་རྒོལ་བྱས་ཏེ་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་དང་བུ་མོ། ཚ་བོ། ཚ་མོ་སོགས་ཀྱང་བསད་ཡོད་འདུག ཨི་རན་འཕྲོད་བསྟེན་བློན་ཆེན་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༢༨ ནས་དེ་རིང་ཕྱི་ཟླ ༦ ཚེས་ ༡༨ བར་ཨ་རི་དང་ཨི་རན་གཉིས་ཀྱི་དམག་འཁྲུག་ཁྲོད། ཨི་རན་གྱི་ཉུང་མཐར་མི་གྲངས་ ༣༠༠༠ ལྷག་རྐྱེན་འདས་དང་། མི་གྲངས་ ༢༦༥༠༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་ཅིང་། ཨ་རིའི་ཉུང་མཐར་དམག་མི་ ༡༣ རྐྱེན་འདས་དང་ ༥༠༠ ལྷག་ལ་རྨས་སྐྱོན་ཕོག་འདུག
ཨི་རན་གྱིས་ཧོར་མུཛ་མཚོ་འགག་གི་མཚོ་གྲུ་བཀག་འགོག་བྱས་པའི་དབང་གིས་འཛམ་གླིང་ཡོངས་ཀྱི་སྣུམ་ཚོང་དང་ཚོང་དོན་ལ་དོ་ཕོག་ཆེན་པོ་བཟོས་ཡོད་པ་རེད། ཧོར་མུཛ་མཚོ་འགག་ནི་ཨོ་མན་གྱི་མུ་སན་ཌམ་ (Omani Musandam Peninsula ) མཚོ་འགག་དང་ཨི་རན་བར་གྱི་མཚོ་ལམ་ཞིག་ཡིན་ལ། རྒྱ་ཁྱོན་ལ་སྤྱི་ལི་ ༩༧ ཙམ་ཡོད་ཅིང་། དེ་ནི་ཕར་ཤི་ཡན་མཚོ་འགག་ (Persian Gulf ) དང་ཨོ་མན་ (Gulf of Oman) མཚོ་འགག་གི་འབྲེལ་མཚམས་སུ་གྱུར་ཏེ་དེའི་བྱང་ཕྱོགས་སུ་ཨི་རན་ཆགས། ཕྱི་ལོ་ ༢༠༢༣ ནས་ ༢༠༢༥ བར་འཛམ་གླིང་གི་རླངས་སྣུམ་རློན་པ་བརྒྱ་ཆ་ ༢༠ དང་མཚོ་ཐོག་གི་སྣུམ་ཚོང་བརྒྱ་ཆ་ ༢༥ མཚོ་འགག་འདི་བརྒྱུད་ནས་སྐྱེལ་འདྲེན་བྱས་ཡོད་པས། དེ་ནི་གོ་ལའི་སྣུམ་ཚོང་གི་ས་ཚིགས་གལ་གནད་ཅན་ཞིག་ཏུ་གྱུར།
ཨ་རིའི་ནུས་པ་གནས་ཚུལ་དོ་དམ་ཁང་ (Energy Information Administration) ལྟར་ན། ཕྱི་ལོ་ ༢༠༡༡ ལོ་ནས་ཆ་སྙོམས་ཕར་ཤི་ཡན་མཚོ་འགག་ནས་མཚོ་འགག་འདི་བརྒྱུད། ཉིན་རེར་སྣུམ་འཁོར་ ༡༤ ཤར་གཏོང་བྱེད་ཀྱི་ཡོད་ཅིང་། ཉིན་རེར་སྣུམ་རྫས་རྫ་མ་ས་ཡ་ ༡༧ སྐྱེལ་འདྲེན་བྱེད་ཀྱི་ཡོད་པའི་ཁྲོད། ཕྱིར་ཚོང་གི་བརྒྱ་ཆ་ ༨༥ ལྷག་ཉི་ཧོང་དང་། རྒྱ་གར། ལྷོ་ཀོ་རི་ཡ། རྒྱ་ནག་བཅས་ཚུད་པའི་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཕྱིར་ཚོང་བྱེད་ཀྱིན་ཡོད་འདུག མཚོ་འགག་དེའི་ཁུལ་དུ་དོན་རྐྱེན་རིགས་བྱུང་བའམ། ཡང་ན་སྐྱེལ་འདྲེན་ལ་དུས་ཡུན་རིང་པོར་འགོག་རྐྱེན་ཆེན་པོ་བྱུང་ན། རྒྱ་གར་དང་རྒྱ་ནག་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་སྣུམ་གྱི་དཀའ་ངལ་འཕྲད་ཉེན་ཡོད་འདུག ཕྱི་ལོ་ ༢༠༢༥ བར་དུ་རྒྱ་མཚོའི་ལམ་ཆེན་འདི་བརྒྱུད་ནས་ཉིན་རེར་སྣུམ་རྫ་མ་ས་ཡ་ ༡༥ སྐྱེལ་འདྲེན་བྱས་ཡོད་ཀྱང་། སྐམ་སའི་ཐོག་ནས་ཉིན་རེར་མང་ཤོས་སྣུམ་རྫ་མ་ས་ཡ་ ༣ ཙམ་ཡིན་འདུག་ལ། དེ་བཞིན་རང་བྱུང་སོལ་རླངས་(Liquefied Natural Gas) ཚང་མའང་གྲུ་གཟིངས་བརྒྱུད་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





