སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་བཅུ་བདུན་པའི་བཀའ་ཤག་གི་ལས་ཁུར་བཞེས་རྗེས་ཐེངས་དང་པོར་འཇར་མན་དང་ཨ་རིའི་ཁུལ་དུ་གཞུང་འབྲེལ་ཕྱོགས་སྐྱོད་གནང་སྟེ་རྒྱལ་ཁབ་གཉིས་ཀྱི་གནད་ཡོད་སྣ་རྣམས་ལ་མཇལ་འཕྲད་ཀྱིས་བོད་དོན་གླེང་སློང་གནང་།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་བཅུ་བདུན་པའི་སྲིད་སྐྱོང་གི་ལས་ཁུར་བཞེས་ནས་བྱང་ཨ་རི་དང་འཇར་མན་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་དང་པོ་མཇུག་བསྒྲིལ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱིར་ཕེབས་ཟིན་ཡོད་ཅིང་། དེ་རིང་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་དང་བསྟུན། ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་ཁུལ་དུ་གཟིགས་ཞིབ་དང་། ལྷོ་ཨེ་ཤ་ཡའི་རོགས་ཚོགས་(Friedrich Naumann Foundation for Freedom South Asia) ཀྱི་ཐེབས་རྩ་ཁང་གི་འགན་འཛིན་སོགས་དང་མཇལ་འཕྲད། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱལ་སྤྱིའི་ལྟེ་གནས་ཁང་དུ་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གིས་གོ་སྒྲིག་བྱས་པའི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དང་འབྲེལ་བོད་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་གནས་ཀྱི་ཐད་ལ་གསུང་བཤད་གནང་རྒྱུ་དང་། ཨ་རིའི་གཞུང་ཚབ་ཁང་དུ་ཨ་རིའི་རོགས་ཚོགས་ཀྱི་འབྲེལ་མཐུད་པ་སོགས་ལ་མཇལ་འཕྲད་གནང་རྒྱུ་ཡིན་འདུག
ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཇར་མན་གྲོས་ཚོགས་ཀྱི་ཆོས་དད་རང་དབང་ཚན་པའི་འགན་འཛིན་སྐུ་ཞབས་ཐོར་མ་སི་(Thomas Rachel ) མཆོག་དང་མཇལ་འཕྲད་གནང་སྟེ། ད་ལྟའི་བོད་ནང་གི་གནས་སྟངས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་བབ། རྒྱ་ནག་གཞུང་གིས་བོད་ནང་དུ་དྲག་གནོན་བྱས་དང་བྱེད་མུས་ཡིན་པའི་གནས་བབ། ཕྱི་ལོ་ ༡༩༥༠ ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱ་མགོ་བཙུགས་པའི་གོ་རིམ་དང་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་གྱིས་བཞག་བཅུག་པའི་གནས་སྟངས། རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེའི་སྐབས་བོད་ནང་གི་དགོན་སྡེ་དང་སློབ་གྲྭ་དྲུག་སྟོང་ལྷག་རྨེག་མེད་དུ་བཟོས་པ། དེ་བཞིན་ཉེ་ལམ་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་ཇུས་བྱེད་མུས་ཡིན་པ་མ་ཟད། བོད་ནང་དུ་བཅའ་སྡོད་སློབ་གྲྭ་སོགས་བཙུགས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཤུལ་མེད་བཟོ་ཐབས་བྱས་དང་བྱེད་མུས་ཡིན་སྐོར་སོགས་གླེང་སློང་གནང་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༡ ནས་ ༡༣ བར་འཚོགས་པའི་རྒྱལ་སྤྱིའི་ཡུ་གུར་གླེང་སྟེགས་ཀྱི་དབུ་འབྱེད་མཛད་སྒོའི་ཐོག་མཉམ་ཞུགས་གནང་སྟེ། བོད་ནང་གི་སྲིད་འབྱོར་རིག་གསུམ་གྱི་གནས་བབ་དང་། རྒྱ་ནག་གཞུང་གི་བཙན་གནོན་འོག་ཡོད་པའི་གྲངས་ཉུང་མི་རིགས་ཁག་གི་གནས་བབ། བོད་ཀྱི་ཡང་སྲིད་ཀྱི་ལམ་ལུགས་དང་རྒྱ་ནག་གིས་སྐུའི་ཡང་སྲིད་ཀྱི་ཐད་ལ་ཐེ་ཇུས་བྱེད་མུས་ཡིན་པའི་སྐོར་སོགས་གླེང་སློང་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་བཅས་ཀྱིས། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇེམ་སི་པི་མེག་གྷོ་ཝན་ (James P. McGovern) ལགས་དང་ལས་བྱེད་རྒན་པ་ཁག་གཅིག་དང་མཇལ་འཕྲད་དང་། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱར་གཞིགས་ན། ཉིན་དེར་སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་བསྟི་གནས་ཚོགས་ཁང་ཞིག་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་དགོས་དངུལ་ཆ་བགོས་ཚོགས་ཆུང་གི་ཕྱི་སྲིད་ལས་དོན་དང་། འབྲེལ་ཡོད་ལས་གཞི་བཅས་ཀྱི་ནང་གསེས་ཚོགས་ཆུང་ ( House Appropriations Subcommittee on State, Foreign Operations, and Related Programs ) གི་ཚོགས་གཙོ་སྐུ་ཞབས་མཱ་རིཡོ་ཌི་ཡ་ཛེ་བཱ་ལཱར་ཏི་ (Mario Diaz-Balart) ལགས་ཀྱི་ལས་བྱེད་ཇེ་མི་མེག་ཀོར་མིག་ (Jamie McCormick) ལགས་དང་མཇལ་འཕྲད་ཀྱིས་བོད་དོན་དང་འབྲེལ་བའི་དངུལ་རྩིས་དང་། བློ་འཚབ་ཆེ་བའི་གནད་དོན། མ་དངུལ་གྱི་གནད་དོན་བཅས་ཀྱི་ཐོག་གླེང་སློང་གནང་འདུག
ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཡོག་དང་ནེའུ་ཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ནང་མི་མང་ལ་གསུང་བཤད་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཞབས་པུས་སྨན་བཅོས་ཀྱི་ལེགས་གྲུབ་བྱུང་བ་དང་། བོད་མི་ནང་ཁུལ་མཐུན་སྒྲིལ་བྱ་དགོས་པ། དེ་བཞིན་དབུ་མའི་ལམ་གྱི་དགོངས་དོན་དང་མཐའ་གཉིས་ལ་གསལ་བཏོན་བྱས་ནས་དབུ་མའི་ལམ་ལ་ཆེས་མཐོང་ཡོང་ཐབས་ཀྱི་ཐབས་ཇུས་སོགས་ཀྱི་སྐོར་དང་། བཀའ་ཤག་སྐབས་ ༡༦ དང་ ༡༧ པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་སྐོར་ལ་གསུང་བཤད་དང་། ཕྱི་ཚེས་ ༢༡ ཉིན་ཟླ་སྣང་བོད་ཀྱི་རིག་གཞུང་སློབ་གྲྭ་དབུ་བརྙེས་ནས་ལོ་ལྔ་འཁོར་བའི་དུས་སྟོན་དང་སྟབས་བསྟུན་༧སྐུའི་གོ་སྟོན་སྲུང་གཙི་དང་བསྟུན། སྲིད་སྐྱོང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་གནང་བ་ལྟར། བདེ་སྲུང་བཀའ་བློན་ཀུན་དགའ་བཀྲ་ཤིས་མཆོག་དང་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་བཅས་ཆེད་ཕེབས་གནང་ནས། ༧གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་། སི་ཤེས་ཡོན་གྱི་གལ་གནད། རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་གཏན་འབེབས་བྱས་ཏེ། བོད་ཀྱི་སྐད་ཡིག་དང་ངོ་བོ་རྩ་མེད་གཏོང་ཐབས་བྱེད་ཀྱིན་ཡོད་སྟབས། རང་དབང་ལུང་པ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྦྱང་བརྩོན་བྱ་དགོས་པའི་གལ་གནད་སོགས་ཀྱི་ཐད་ནས་གསུང་བཤད་གནང་འདུག
དེ་བཞིན་སྲིད་སྐྱོང་མཆོག་གི་ཐེངས་འདིའི་གཞུང་འབྲེལ་ཕྱོགས་ཕེབས་དང་བསྟུན། ཨ་རིའི་ཕྱི་སྲིད་དྲུང་ཆེའི་ལས་རོགས་དང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སྐུ་ཞབས་རའི་ལི་བྷར་ནེ་སི་ (Riley Barnes) ལགས་དང་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། ངལ་རྩོལ་གོང་འཕེལ་ལས་དོན་ཚན་པ་ (DRL) དང་། ལྷོ་དང་དབུས་ཨེ་ཤ་ཡའི་ས་ཁུལ་གྱི་ལས་དོན་ཚན་པ་ (SCA) ། ཤར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་ལས་དོན་ཚན་པ་ (EAP) བཅས་ཀྱི་འབྲེལ་ཡོད་ལས་བྱེད་རྣམས་དང་། བོད་དོན་དང་འབྲེལ་བའི་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་རྒྱས་བཅད་ཚོགས་ཆུང་དང་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ (Appropriations and foreign relations committee related to Tibet matters) གི་འབྲེལ་ཡོད་ལས་བྱེད། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ (Senate Foreign Relations Committee) ལས་བྱེད་སོགས་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གི་གནས་བབ་དང་། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པའི་གནད་དོན། སྐུའི་ཡང་སྲིད་ཀྱི་གནད་དོན་སོགས་ལ་རྒྱ་ནག་གི་ཐེ་ཇུས་བྱེད་མུས་ཡིན་པའི་གནས་བབ་སོགས་གླེང་སློང་གནང་ཡོད་པ་རེད།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།