རྒྱ་ནག་གཞུང་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་ཉི་གློག་བཟོ་སྐྲུན་གྱིཤུགས་ཚད་བརྒྱ་ཆ་ ༨༠ ལྷག་ལ་སྟངས་འཛིན་བྱེད་ཀྱི་ཡོད་པར་བརྟེན། རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་བྱ་རྒྱུ་ཡིན་འདུག

རྒྱ་གར་གྱིས་དུས་ཡུན་རིང་པོའི་ནང་ཉི་གློག་ནུས་ཤུགས་ཐོན་སྐྱེད་ཐད་རྒྱ་ནག་ལ་བརྟེན་དགོས་པ་དེ་ཇེ་ཉུང་དུ་གཏོང་རྒྱུའི་ཐད་གོམ་པ་མདུན་སྤོས་བྱ་རྒྱུ་ཡིན་ཞིང་། འདས་པའི་ལོ་འགའི་རིང་ལ་ཕྱི་ནས་ནང་འདྲེན་བྱས་པའི་ཉི་གློག་ཤེལ་ལེབ་ལ་དམིགས་ཏེ་ཡར་རྒྱས་ཤུགས་ཆེན་འགྲོ་བཞིན་ཡོད་ནའང་། རྒྱ་གར་གྱི་ནུས་ཤུགས་སླར་གསོ་དང་ནུས་གསར་ལྷན་ཁང་ (The Ministry of New and Renewable Energy) གིས། ནུས་ཤུགས་ཀྱི་ཐོན་སྐྱེད་ལ་སྤུས་ཚད་ལྡན་ཞིང་བདེ་འཇགས་ (Approved List of Models and Manufacturers) ཀྱི་སྒྲོམ་གཞིའི་ནང་ཉི་གློག་བཟོ་སྐྲུན་གྱི་ཆེད་དུ་དགོས་མཁོ་ཆེ་བའི་ལྕགས་རིགས་ (solar ingots) དང་གློག་འདྲེན་ཕྱེད་ཀྱི་རྒྱུ་ཆ་ (wafers) ཞེས་པ་གཉིས་རྒྱ་སྐྱེད་གཏང་རྒྱུ་ཡིན་འདུག་ལ། ལས་གཞི་དེ་ཕྱི་ལོ་ ༢༠༢༨ ཟླ་ ༦ ཚེས་ ༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་མ་ཟད། སྲིད་ཇུས་གསར་པ་དེ་ལག་བསྟར་བྱས་རྗེས་ཉི་གློག་བཟོ་སྐྲུན་དང་ཐོན་སྐྱེད་ཀྱི་ལས་གཞི་རྣམས་རྒྱལ་ནང་གི་སྒྲོམ་གཞི་ལྟར་ཐོ་འགོད་བྱས་ཏེ་བེད་སྤྱོད་གཏོང་དགོས་ཀྱི་ཡོད་པར་བཟོ་རྒྱུ་ཡིན་འདུག ཐེངས་འདིའི་ལས་གཞི་དེ་ནི་འཛམ་གླིང་ནང་ཉི་འོད་དང་ཉི་གློག་མཁོ་སྤྲོད་ཀྱི་བརྒྱུད་རིམ་ཁྲོད་རྒྱ་གར་གྱི་རྒྱ་ནག་གི་དབང་ཤུགས་ལ་ཐད་ཀར་གྱིས་ཁ་གཏད་གཅོག་པའི་ལས་གཞི་ཐོག་མ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག
ནུས་ཁུངས་ཀྱི་ཚོང་དོན་འགན་འཛིན་ཝི་ནེ་ (Vinay Rustagi) ལགས་ཀྱིས། ཐེངས་འདིའི་རྒྱ་གར་གྱི་བསྒྱུར་བཅོས་གསར་ཤོས་དེ་ནུས་ཁུངས་བདེ་འཇགས་ཀྱི་གནད་དོན་ཞིག་ཡིན་ཞིང་། དེས་རྒྱ་ནག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་ལྕགས་རིགས་བཟོ་ལས་ཐོག་གི་དབང་ཆ་ཚོད་འཛིན་ཡོངས་མེད་པར་བཟོ་རྒྱུ་དང་། རྒྱ་གར་གྱི་ནུས་ཁུངས་བདེ་འཇགས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་བཟོས་ཡོད། ཅེས་དང་། མ་འོངས་པའི་ལོ་གསུམ་ནང་མ་རྩར་ཧིན་སྒོར་ཀ་རོར་ (Crore) ༥༠,༠༠༠ བར་འཇོག་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་དང་། རྒྱ་གར་ནང་གི་དགོས་མཁོ་བསྐོང་བར་འཚམ་པའི་གློག་འདྲེན་ཕྱེད་ཀྱི་རྒྱུ་ཆ་ (wafer) དང་རྡོ་སོལ་བཟོ་སྐྲུན་བྱེད་པའི་ནུས་ཤུགས་ཤོང་ཚད་ ༨༠ (GW) བསྐྲུན་ཐུབ་རྒྱུའི་ནུས་པ་ལྡན་ཡོད། རྒྱལ་ནང་གི་ནུས་ཤུགས་དང་ཉི་གློག་མཁོ་སྤྲོད་བདེ་འཇགས་ཀྱི་ཡུན་རིང་གི་ཁེ་ཕན་དང་། ཚོང་དོན་གྱི་ཉེན་ཁ་དམའ་བ་ཡོད་པ། ནང་ཁུལ་གྱི་ནུས་པ་གསར་སྐྲུན་བྱེད་པ་བཅས་ཀྱིས་ཐོག་མའི་འགྲོ་གྲོན་ཆེན་པོ་འགྲོ་སྲིད་ཀྱང་། དོན་དངོས་སུ་ཕུགས་རྒྱང་རིང་པོར་བསམ་བློ་གཏང་ན། དུས་ཚོད་དང་བསྟུན་ནས་ཁྱད་པར་འགྲོ་རྒྱུ་དང་འགྲོ་གྲོན་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག
ཡང་རྒྱ་གར་གྱི་ཉི་གློག་(Sunkind India Limited) བཟོ་ཚོང་གི་འགན་འཛིན་ཧ་ནི་ཤི་ (Hanish Gupta) ལགས་ཀྱིས། གཞི་རྩའི་སྲིད་ཇུས་དེ་འོས་འཚམ་ཞིག་ཡིན་པ་རྗོད་ཀྱིན་ཡོད། དོན་དངོས་སུ་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་ཡིན་པས། སྲིད་ཇུས་དེས་མ་རྩ་གསར་པ་དང་། ལག་རྩལ་གྱི་མཉམ་ལས་ཡོང་བར་ཡིད་ཆེས་བྱེད་ཀྱིན་ཡོད་ཀྱང། རྒྱ་གར་ལ་ད་ལྟའི་ཆར་ཉི་གློག་གི་དགོས་མཁོ་མགྱོགས་མྱུར་འཕར་བཞིན་པ་དེ་ཁ་སྐོང་བྱེད་པར་གློག་འདྲེན་བྱེད་ཀྱི་རྒྱུ་ཆ་དང་ལྕགས་རིགས་ཀྱི་ཤོང་ཚད་འདང་ངེས་ཤིག་མེད་པས་དོགས་ཟོན་གནང་དགོས་པའི་ཁར། གལ་ཏེ་སྲིད་ཇུས་དེ་ལག་བསྟར་བྱེད་པའི་དུས་ཚོད་ལ་དཀའ་ཁག་བྱུང་ཚེ། བཟོ་ལས་ཁང་ལ་མཁོ་སྤྲོད་བྱེད་པའི་རྒྱུ་ཆའི་དཀའ་ངལ་དང་། འགྲོ་སོང་འཕར་མ་ཕྱིན་པ། ལས་གཞི་ལག་བསྟར་བྱེད་པའི་དུས་ཚོད་ཕྱིར་འགྱངས་བྱ་རྒྱུའི་དཀའ་ངལ་སོགས་འཕྲད་སྲིད་སྐོར་ཡང་བརྗོད་འདུག
ཉི་གློག་བཟོ་སྐྲུན་ལ་དགོས་མཁོ་ཆེ་བའི་ཆ་ཤས་གཉིས་པོ་དེ་མངོན་གསལ་ཐུབ་པའི་ཆ་ཤས་ཤིག་ཡིན་ཡང་། ཉི་གློག་བཟོ་སྐྲུན་གྱི་རིམ་པ་རིང་པོའི་ཁྲོད་མཁོ་གནད་ཆེ་བའི་ཐོན་རྫས་མཐའ་མ་ཁོ་ན་དེ་ཡིན་པ་རེད། དེ་ཡང་ (Polysilicon) དེ་ལྕགས་རིགས་སུ་བསྒྱུར་བ་དང་། ལྕགས་རིགས་དེ་གློག་འདྲེན་ཕྱེད་ཀྱི་རྒྱུ་ཆ་ (Wafers) རུ་སྲབ་པོར་བཏུབས་ནས་དེ་དག་ཉི་གློག་གི་ཁམས་ཕྲན་ལ་བསྒྱུར་ནས། མཐར་ཉི་གློག་བཟོ་སྐྲུན་གྱི་སྒྲོམ་གཞིའི་ནང་བསྡུ་རུབ་བྱེད་ཀྱི་ཡོད་པ་རེད། དོན་དངོས་སུ་རྒྱ་གར་གཞུང་གིས་ཉི་གློག་བཟོ་སྐྲུན་ཐད་ཡར་རྒྱས་གོང་འཕེལ་དང་། རྒྱ་སྐྱེད་གཏོང་ཐབས་བྱས་དང་བྱེད་མུས་ཡིན་ཡང་། དེ་ལ་དགོས་ངེས་ཅན་གྱི་ཆ་ཤས་གཉིས་པོ་དེ་ད་དུང་ཡང་ཞན་ཆ་གཙོ་བོ་ཞིག་ཏུ་གནས་ཡོད་པར་བརྟེན། རྒྱ་ནག་གིས་ཉི་གློག་ཐོན་སྐྱེད་མཁོ་སྤྲོད་བྱེད་པར་ཤུགས་རྐྱེན་ཆེན་པོ་སྤྲོད་ཀྱིན་ཡོད་སྟབས། རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་དགོས་པ་རང་བཞིན་ཆགས་ཀྱི་ཡོད་པ་ཉམས་ཞིབ་པས་བརྗོད་འདུག
འཛམ་གླིང་གི་ཉི་གློག་བཟོ་སྐྲུན་དང་ཐོན་སྐྱེད་ཐད་རྒྱ་ནག་གི་དབང་ཤུགས་དེ་བཟོ་ཚོང་ཁང་ཁག་གཞན་དང་མི་འདྲ་བ་ཡོད་ལ། རྒྱལ་སྤྱིའི་ནུས་ཁུངས་ལས་ཁུངས་ཀྱིས་གསལ་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་གིས་ཉི་གློག་བཟོ་སྐྲུན་གྱི་རིམ་པ་གཙོ་བོའི་ནང་འཛམ་གླིང་གི་བཟོ་སྐྲུན་ཤུགས་ཚད་བརྒྱ་ཆ་ ༨༠ ལྷག་ཙམ་ཚོད་འཛིན་བྱེད་ཀྱི་ཡོད་པ་མ་ཟད། འདས་པའི་ལོ་བཅུའི་རིང་ཉི་གློག་ཐོན་སྐྱེད་ནུས་ཤུགས་ཐད་མ་འཇོག་ཨ་སྒོར་ཐེར་འབུམ་ ༥༠ ལྷག་ཙམ་བྱས་ཡོད་པ་རེད། གཞན་ཡང་། རྒྱལ་སྤྱིའི་ནུས་ཁུངས་ཞིབ་འཇུག་པ་ཁག་གིས་ནུས་ཤུགས་བཟོ་སྐྲུན་ཐད་ཚོད་དཔག་བྱས་པ་ལྟར་ན། རྒྱ་ནག་གིས་འཛམ་གླིང་གི་གློག་འདྲེན་ཕྱེད་ཀྱི་རྒྱུ་ཆ་ (wafer) ཐོན་སྐྱེད་བྱེད་པའི་ཤོང་ཚད་ཀྱི་བརྒྱ་ཆ་ ༩༥ ནས་ ༩༧ བར་ཡོད་པར་བརྟེན། ཉི་གློག་བཟོ་སྐྲུན་གྱི་ཆ་ཤས་གལ་ཆེ་ཤོས་ཤིག་ཡོད་པ་མཚོན་ཡོད། ད་དུང་རྒྱ་ནག་གི་བཟོ་སྐྲུན་ལས་ཁང་གིས་མ་རྩ་དམའ་བ་དང་། ཁ་གསབ་རོགས་དངུལ་དང་རང་བྱུང་གི་ཉི་གློག་མཁོ་འདོན་བྱས་ཏེ་འཛམ་གླིང་ནང་རིན་གོང་དམའ་ཤོས་ཐོག་ཉི་གློག་ཤེལ་ལེབ་དང་བཟོ་སྐྲུན་མཁོ་སྤྲོད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཐུབ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༢༤ ལོའི་མགོ་སྟོད་དུ་རྒྱ་ནག་གིས་རིན་གོང་ཤུགས་ཆེན་ཆག་ཡང་བཏང་བའི་རྐྱེན་གྱིས་ཉི་གློག་གི་ཤུགས་ཚད་ ༡༢༠ (GW) ཕྱིར་འདྲེན་བྱས་ཐུབ་པ་དེ་ཟིན་ཐོ་གསར་པར་བཀོད་ཡོད།
རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༣༠ ལོར་རྡོ་སྣུམ་མ་ཡིན་པའི་གློག་ཤུགས་ཀྱི་ནུས་པ་ ༥༠༠ (GW) ཐོབ་ཐུབ་པ་བྱ་རྒྱུའི་དམིགས་ཚད་ཆེན་པོ་བཟུང་ཡོད་ལ། ཉི་གློག་གི་བཟོ་སྐྲུན་དང་ཐོན་སྐྱེད་ཀྱི་འཕར་ཚད་དེ་གལ་ཆེ་ཤོས་ཤིག་ཆགས་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་འདུག
གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།





