༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཝེ་ནེ་སུ་ཝེའི་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལུས་ནང་མིར་སེམས་གསོ། དེ་བཞིན་རྨས་སྐྱོན་ཕོག་མཁན་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཝེ་ནེ་སུ་ཝེ་ལ་རྒྱལ་ཁབ་ཏུ་ ༧། ༢ དང་ཚད་རིམ་ ༧།༥ ཅན་གྱི་ས་ཡོམ་ཤུགས་ཆེན་ཐེངས་གཉིས་བྱུང་སྟེ། ད་བར་ཉུང་མཐར་མི་གྲངས་ ༩༠༠ ལྷག་རྐྱེན་འདས་དང་། མི་གྲངས་ ༤༣༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་སྟབས། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ས་ཡོམ་ཁྲོད་རྐྱེན་འདས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་། ཤུལ་ལུས་ནང་མི་ལ་སེམས་གསོ། དེ་བཞིན་རྨས་སྐྱོན་ཕོག་མཁན་རྣམས་གང་མགྱོགས་དྲག་སྐྱེད་ཡོང་བའི་ཐུགས་སྨོན་མཛད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ཝེ་ནེ་སི་ཛུ་ལའི་ས་འགུལ་གོད་ཆག་གི་ཁྲོད་རྐྱེན་འདས་སུ་འགྱུར་མཁན་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་ཕོག་པར་ངོས་རང་ལ་སེམས་གཏིང་ནས་སྐྱོ་གདུང་དྲག་པོ་སྐྱེས་བྱུང་། ས་འགུལ་ཁྲོད་རྐྱེན་འདས་སུ་འགྱུར་མཁན་རྣམས་ལ་སྨོན་ལམ་དང་། རང་བྱུང་གོད་ཆག་གི་སྐྱོ་གར་འདིའི་དབང་གིས་གནོད་འཚེ་ཐེབས་མཁན་ཡོངས་ལ་སེམས་དབུས་ནས་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུ་ཡི་ཡོད། ཅེས་གསུངས་འདུག
ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། སྤྱིར་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་པས། ང་ཚོས་བདེ་སྐྱིད་འཚོལ་འདོད་པ་དང་སྡུག་བསྔལ་ལས་ཐར་འདོད། འགྲོ་བ་མིའི་གཞི་རྩའི་རིན་ཐང་གི་ཐོག་ནས་ཕན་ཚུན་ལ་རོགས་འདེགས་དང་རྒྱབ་སྐྱོར་བྱེད་པར་འགན་ཁུར་གྱི་འདུ་ཤེས་ཤིག་མཆིས་ལ། ད་ལྟ་གོད་ཆག་བྱུང་བའི་ཡུལ་དངོས་སུ་རྒྱལ་སྤྱིའི་མྱུར་སྐྱོབ་ལས་བྱེད་མང་དག་ཅིག་གིས་རོགས་འདེགས་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། ཞེས་གསུངས་འདུག
ཝེ་ནེ་སུ་ཝེ་ལ་ནི་ལྷོ་ཨ་མེ་རི་ཁའི་བྱང་རྒྱུད་དུ་ཆགས་པའི་མི་གྲངས་ས་ཡ་ ༣༤ ཙམ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་གློ་བུར་དུ་རྒྱལ་ཁབ་ཀྱི་བྱང་ཕྱོགས་ཀྱི་ནུབ་རྒྱུད་གཙོས་དཀྱིལ་དབུས་ཀྱི་ས་གནས་ཁག་ལ་ས་ཡོམ་ཐེངས་གཉིས་ལ་བྱུང་སྟེ། སྡོད་ཁང་བརྡིབས་པ་དང་། ལམ་ཆད་པ་སོགས་ཀྱི་གོད་ཆགས་ཆེན་པོ་བྱུང་ཡོད་ཅིང་། ད་བར་ཉུང་མཐར་མི་གྲངས་ ༩༠༠ ལྷག་རྐྱེན་འདས་དང་མི་གྲངས་ ༤༣༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་པའི་ཚོད་དཔག་བྱེད་མུས་ཡིན་ཡང་། རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་འཕར་བཞིན་ཡོད་འདུག
གསར་འགོད་པ། དཔལ་ལྡན།





