རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། དུང་ཟླ།
བོད་པའི་འཐབ་རྩོད་ཀྱི་མ་རྩ་ནི་བོད་རྒྱལ་ཁབ་ཀྱི་བདག་དབང་དང་བོད་རྒྱལ་ཁབ་ཀྱི་མི་སེར་བདག་དབང་ལ་ཐུག་ཡོད་པས། བཙན་བྱོལ་དུ་གྱར་བའི་བོད་མི་སུ་ཞིག་ཡིན་ནའང་། ནམ་ཞིག་རང་ཉིད་ནི་རྒྱལ་ཁབ་ཤོར་བའི་བོད་མི་ཞིག་ཡིན་པའི་འདུ་ཤེས་བོར་བའི་ཉིན་ནས་བོད་པའི་འཐབ་རྩོད་ཀྱི་ར་བ་ལས་རང་འགུལ་གྱིས་ཐོན་ཟིན། བཙན་བྱོལ་བ་ཞིག་གི་སེམས་གཏིང་དུ་རང་ཉིད་ནི་རྒྱལ་ཁབ་ཤོར་བའི་བོད་མི་ཞིག་ཡིན་པའི་སེམས་སྡུག་ཡོད་དགོས་ལ། རྒྱལ་ཁབ་ཤོར་བའི་ཁུར་བོ་ལྷག་མ་ཞིག་ཡོད་པའི་སྐྱོ་སྣང་དང་སྡུག་བསྔལ་དེར་གདོང་ལེན་གྱི་སྙིང་སྟོབས་ཡོད་དགོས་པ་ནི་བོད་པའི་འཐབ་རྩོད་ཀྱི་རྨང་གཞི་ཡིན། ནམ་ཞིག་དཔལ་འབྱོར་དང་ཐོབ་གོ་ས་ཞིག་གི་ཆེད་དུ་རང་ཉིད་ཀྱི་འཐབ་རྩོད་འདུ་ཤེས་ལ་རྒྱབ་འགལ་དུ་སོང་ཚེ། མི་སྒེར་ཞིག་གི་མི་ཚེ་ཁོ་ན་ལས་སྤྱི་པའི་འཐབ་རྩོད་དང་ལོགས་སུ་ཕྱིན་པ་རེད།
རྒྱ་ནག་གིས་ཞི་དྲག་ཐབས་ལམ་སྣ་མང་ཞིག་སྤྱད་དེ་གཞིས་བཞུགས་བོད་མི་ཡོངས་ཀྱི་སེམས་ངོས་སུ་སྟུགས་པོར་བསྟིམས་པའི་སྐྱེས་ཐོབ་ཀྱི་ཆོས་དང་རིག་གཞུང་གི་འདུ་ཤེས་ཀྱི་ཆ་ཕྲ་མོ་རེའང་སུབ་ཐབས་ལ་འབད་བཞིན་པ་དང་། མ་འོངས་བོད་ཀྱི་མ་རྩར་གྱུར་བའི་བོད་ཀྱི་བྱིས་པ་རྣམས་ཀྱི་ལུས་སེམས་ཀྱི་འདུ་ཤེས་ངོས་སུ་རྒྱ་ནག་དམར་པོའི་གཞུང་གི་སྒྲིལ་བསྒྲགས་ཀྱི་ལོག་བཤད་ཨུ་ཚུགས་ཀྱིས་བརྫངས་དང་རྫོང་བཞིན་པའི་སྐབས་འདིར། བོད་མི་ཡོངས་ཀྱིས་བོད་ཀྱི་འདུ་ཤེས་སྲ་བརྟན་དང་སྙིང་སྟོབས་ཆེར་བསྐྱེད་དགོས་པའི་ཛ་དྲག་གི་གནས་སྟངས་མཐོང་དགོས་ལ། བོད་སྐད་དང་བོད་ཡིག་དགའ་གུས་ཀྱིས་སྦྱོང་དགོས་ལ་ཨུ་ཚུགས་ཀྱིས་ཀྱང་སྦྱོང་དགོས་པ་ཡིན།
བྱེས་བཞུགས་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་བྱིས་པ་ཚོ་བོད་ནང་དུ་རྒྱ་ནག་དམར་པོའི་སྲིད་ཇུས་སྤེལ་བཞིན་པའི་ལྡོག་ཕྱོགས་སུ་སྐྱེད་སྲིང་གིས་དགྲ་བོ་ཇི་ལྟར་བཙན་ན་རང་ནུས་དེ་ལྟར་གོང་སྤེལ་དུ་གཏོང་དགོས། ད་ནི་ལྷོད་ལ་བབས་ཏེ་ལྟད་མོར་ལྟ་བའི་དུས་ཚོད་ཡོངས་སུ་མཇུག་བསྒྲིལ་ཟིན་པས། བོད་མི་ཚོས་རང་ཉིད་ཀྱི་ཉིན་ཞག་ཕྲུགས་གཅིག་གི་བྱ་བཞག་ཐམས་ཅད་བོད་ནང་དུ་རྒྱ་ནག་དམར་གཞུང་གིས་སྤེལ་བཞིན་པའི་སྲིད་ཇུས་དང་ཁ་གཏད་དུ་སྤེལ་བ་ཞིག་ཡིན་དགོས། ད་ནི་དུས་མིན་དུས་བསྟུན་གྱི་ལས་འགུལ་ལས་ཡོངས་སུ་བརྒལ་ཏེ་འཚོ་བའི་ངོ་བོ་ལས་འགུལ་གྱི་ངོ་བོར་སྒྱུར་དགོས་པའི་དུས་ལ་བབས་འདུག འཚོ་བ་དང་བོད་དོན། འཚོ་བ་དང་བོད་ཡིག འཚོ་བ་དང་བོད་སྐད། འཚོ་བ་དང་ཆོས་རིག ད་ནི་འཚོ་བ་དང་འཐབ་རྩོད་གཞི་གཅིག་ཏུ་སྒྲིལ་བའི་དུས་ལ་བབས་འདུག
ད་ནི་རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་ཚོས་ཕྱི་རྒྱལ་དུ་ཐར་བ་ནི་ཐར་བའི་ངོ་བོར་འཛིན་པའི་ནད་ཡམས་དེར་སྨན་བཅོས་བྱེད་རན་འདུག ཕྱི་རྒྱལ་དུ་འགྲོ་དགོས་པ་ནི་མི་ཚེའི་དམིགས་འབེན་ཁོ་ནར་བལྟ་བའི་འཕྲུལ་སྣང་དེར་ཐལ་བ་འདེབས་པའི་དུས་ལ་བབས་འདུག ད་ནི་ཕྱི་རྒྱལ་དུ་བཞུགས་པའི་བོད་མི་ཚོས་རང་ཉིད་ནི་རང་རང་གི་གནས་ཚང་བཅའ་སའི་རྒྱལ་ཁབ་དེའི་ཁྱིམ་མི་རྣལ་མ་ཞིག་ཏུ་བརློམ་པའི་ལོག་རྟོག་དེ་སེལ་རན་འདུག ཕྱི་རྒྱལ་གྱི་མི་སེར་ཐོབ་པ་ནི་རང་ཉིད་ལ་རྒྱལ་ཁབ་མེད་པའི་ན་ཚ་དེའི་བཅོས་ཐབས་ཤིག་མ་ཡིན་པའི་གོ་རྟོགས་རྙེད་དགོས་པའི་དུས་ལ་སླེབས་འདུག ཕྱི་རྒྱལ་དུ་ཡོད་པའི་བོད་ཕྲུག་ཚོ་ཕྱི་རྒྱལ་ཅན་ཏུ་གཏོང་མཚམས་བཞག་ཏེ་བོད་དྲི་ཅན་དུ་སྐྱེད་སྲིང་བྱེད་པའི་འགན་འཁྲི་སེམས་གཏིང་ཏུ་འཇོག་དགོས་པའི་དུས་ལ་སླེབས་འདུག བཙན་གྱིས་རྒྱ་ནག་ཏུ་སྒྱུར་བཞིན་པ་དང་རང་དབང་གིས་ནུབ་ཕྱོགས་ཅན་ཏུ་སྒྱུར་བཞིན་པའི་གནས་ལུགས་དེ་རང་སྟེང་ནས་ངོས་ལེན་བྱེད་དགོས། རྒྱལ་ཁབ་གཞན་པའི་མི་སེར་བཞིན་སྐྱིད་པོ་རྒྱག་པ་བྱས་ཏེ་མི་ཚེ་སྐྱེལ་རྒྱུའི་བསོད་ནམས་དེ་ང་ཚོར་མེད་པའི་ངེས་ཤེས་ཐོབ་རན་འདུག རྒྱལ་ཁབ་གཞན་གྱི་མི་རིགས་བཞིན་མི་ཚེ་སྐྱེལ་རྒྱུའི་བསོད་ནམས་མེད་པའི་དོན་དངོས་རྟོགས་པ་ནི་འགན་འཁྲི་རང་སྟེང་དུ་བསླངས་པའི་མགོ་བརྩམས་པ་ཡིན། ཁྱོད་ལ་རྒྱལ་ཁབ་གཞན་གྱི་མི་སེར་བཅའ་རྒྱུའི་ཐོབ་ཐང་རེག་ཡོད་ནའང་རང་གི་རྒྱལ་ཁབ་ཀྱི་མི་སེར་བཅའ་རྒྱུའི་ཐོབ་ཐང་མེད་པ་རྟོགས་དགོས། དེ་ནི་དོན་དངོས་ཡིན། དོན་དངོས་ནི་ཧ་ཅང་གདུག་རྩུབ་ཆེ་ལ། འཚམས་རེར་ངོས་ལེན་བྱ་དཀའ་བ་ཞིག་ཀྱང་ཡིན་མོད། ཡིན་ནའང་དོན་དངོས་ནི་ནམ་ཡང་སྒྱུར་མི་ཐུབ་པ་ཞིག་ཡིན་ནོ།། །།





