རྒྱ་ནག་གཞུང་གིས་ཉེ་ལམ་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་གསེར་རྟ་བླ་རུང་སྒར་དུ་སྡོད་མི་ཆོག་པར་རང་རང་གི་དགོན་པར་ལོག་དགོས་པའི་བཀའ་ཁྱབ་བསྒྲགས་ནས་གྲྭ་བཙུན་རྣམས་བཙན་གྱིས་རང་ཡུལ་དུ་ཕྱིར་སློག་བྱས་དང་བྱེད་མུས་ཡིན་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ནས་རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་སྡོད་ཁང་མང་དྲགས་པའི་བདེ་འཇགས་མེད་ལུགས་དང་གྲྭ་བཙུན་མང་ལུགས་སོགས་བཤད་ནས། གྲྭ་ཤག་གཏོར་བཤིག་བཏང་དང་གཏོང་མུས་ཡིན་པ་མ་ཟད། ད་ལན་ཆོས་སྡེ་ཆེན་མོ་བླ་རུང་སྒར་གྱི་གྲྭ་ཤག་ ༡༠༦༠ གཏོར་བཤིག་གཏང་འཆར་ཡོད་པ་ལྟར། ཉེ་ལམ་རྒྱ་ནག་གཞུང་གིས་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་རང་གི་ནང་ངམ། ཕ་ཡུལ་གྱི་དགོན་པ་སོགས་ལ་ཕྱིར་ལོག་བྱ་དགོས་པ་ལས། མུ་མཐུད་གསེར་རྟ་བླ་རུང་སྒར་ལ་སྡོད་མི་ཆོག་པའི་བཀའ་ཁྱབ་བསྒྲགས་ཡོད་པ་མ་ཟད། ད་ལྟ་ཁུལ་དེའི་གྲྭ་བཙུན་གཙོས་ཡུལ་མི་རྣམས་ལ་དམ་དྲག་དང་། ས་གནས་གཞན་དང་གཞན་གྱི་ཆོས་མཇལ་བ་རྣམས་ཤར་གཏོང་མི་བྱས་པར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན།
འདི་གའི་གསར་འགོད་པར་འབྲེལ་ཡོད་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། དངོས་གནས་བྱས་ནས་རྒྱ་ནག་གཞུང་གིས་དེ་སྔ་གསེར་རྟ་བླ་རུང་སྒར་གྱི་སྒྱུ་འཕྲུལ་ལྷ་ཁང་གི་ཁུལ་དེ་བཤིག་རྒྱུ་ཐག་གཅོད་བྱུང་བ་རེད་དེ། དགོན་པའི་འབྲེལ་ཡོད་རྣམས་ཀྱིས་ཁུལ་དེར་བཤིག་ན། ལྷ་ཁང་དང་གཙུག་ལག་ཁང་། སྐོར་ལམ་སོགས་ལ་གནོད་པ་སྐྱེས་ཀྱི་འདུག་ཅེས་ཡར་ཞུ་རིམ་པ་བྱས་མཐར། བླ་རུང་སྒར་གྱི་གྲྭ་བཙུན་དང་དགེ་བསྙེན་རྣམས་སྡོད་སའི་བར་གྱི་ཇོ་སེར་གྱི་སྡོད་ཤག་རྣམས་གཏོར་རྒྱུ་གཏན་འཁེལ་ཆགས་ནས། ད་ལྟ་དེའི་ལམ་རྒྱུད་དུ་ཡོད་པའི་གྲྭ་ཤག་ ༡༠༠༠ ལྷག་གཏོར་གྱི་ཡོད་པ་རེད། ཅེས་བརྗོད་བྱུང་།
ཡང་གནས་ཚུལ་མཁོ་སྤྲོད་པས། རྒྱ་ནག་གཞུང་གིས་གྲྭ་ཤག་གཏོར་ཟིན་པའི་གྲྭ་བ་དང་ཇོ་མོ་རྣམས་གསེར་རྟ་བླ་རུང་སྒར་དུ་གཏན་ནས་སྡོད་མི་ཆོག་པར། ས་གནས་གཞན་དང་གཞན་ནས་ཡོང་མཁན་རྣམས་རང་རང་གི་ནང་ངམ། གྲྭ་བཙུན་རང་རང་གི་ཕ་ཡུལ་གྱི་དགོན་པར་འགྲོ་དགོས་པའི་བཀའ་ཁྱབ་བསྒྲགས་ནས། གྲྭ་བཙུན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཕ་ཡུལ་དུ་བཙན་གྱིས་ཕྱིར་སློག་བྱེད་མུས་རེད་ལ། དེ་བཞིན་གསེར་རྟ་ནས་ཡིན་པའི་གྲྭ་བཙུན་རྣམས་ཀྱང་བླ་རུང་སྒར་དུ་སྡོད་མི་ཆོག་པར། སོ་སོའི་ཡུལ་ཚོ་དང་རང་སྡེའི་དགོན་པ་སོགས་ལ་འགྲོ་དགོས་པའི་བཀའ་ཁྱབ་བསྒྲགས་སོང་། ཞེས་བརྗོད་བྱུང་།
རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༡ དང་། ༢༠༡༦། ༢༠༡༩ བཅས་སུ་བླ་རུང་སྒར་གྱི་གྲྭ་ཤག་མང་དྲགས་ལུགས་དང་། ཁྲིམས་མཐུན་གྱི་ཡིག་ཆ་མེད་ལུགས་སོགས་ལ་ཁ་གཡར་ནས་གྲྭ་བཙུན་གྱི་སྡོད་ཁང་མང་པོ་གཏོར་བཤིག་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་སྔ་གཞུག་མང་པོར་གྲྭ་བཙུན་གྱི་གྲངས་འབོར་ཚོད་འཛིན་དང་། ས་གནས་གཞན་དང་གཞན་ནས་ཡོང་བའི་གྲྭ་བཙུན་མང་པོ་ཆེད་དུ་རང་ཡུལ་དུ་ཕྱིར་སློག་བྱས་པའི་གནས་ཚུལ་བྱུང་ཡོད་པའི་མུར། ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་གྲྭ་ཤག་གཏོར་སྐབས། བཙུན་མ་ཚེ་རིང་སྒྲོལ་མ་ལགས་ཀྱིས་རྒྱ་ནག་གཞུང་གི་ཁྲིམས་མཐུན་མིན་པའི་གཉའ་གནོན་འོག་རང་དབང་མེད་པའི་སྐོར་སོགས་ཀྱི་ཁ་ཆེམས་བཞག་ནས་རང་ཤི་རྒྱག་པའི་གནས་ཚུལ་ཐོན།
གསར་འགོད་པ། དཔལ་ལྡན།

![Wang made a research tour in Tibet from July 19 to 22. [Xinhua/Liu Bin]](https://tibettimes.net/wp-content/uploads/2026/07/1784796471071092378-360x180.jpg)


