ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཁྲིམས་འཆར་དེ་གྲོས་འཐུས་མི་གཉིས་ཀྱིས་ངོ་སྤྲོད་གནང་འདུག་ཅིང་། ཁྲིམས་འཆར་འདི་བརྒྱུད་ཨ་རིས་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ནང་བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་གྱི་གནས་བབ་བསྐྲུན་དགོས་པ་སོགས་ཀྱི་དོན་གནད་གཙོ་བོ་བརྒྱད་འདུག
འདི་གའི་གསར་འགོད་པས་ཨ་རིའི་བོད་ཀྱི་མ་འོངས་འགན་སྲུང་ཞེས་ཤོག་ངོས་དགུ་ལྡན་པའི་ཁྲིམས་འཆར་དེར་ཞིབ་བལྟས་བགྱིས་ཏེ་གནད་དོན་གཙོ་བོ་བརྒྱད་མཐོང་བ་ནི། བོད་རྒྱ་གཉིས་ཀྱི་དཀའ་རྙོག་སེལ་རྒྱུ་ནི་ཨ་རིའི་ཐབས་ཇུས་ཀྱི་མངོན་འདོད་དུ་བསྒྱུར་དགོས་པ།
བོད་མིའི་སྒྲིག་འཛུགས་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙུགས་པའི་བོད་མི་མང་གི་ཁྲིམས་མཐུན་གྱི་གཞུང་འཛིན་ཡིན་པར་ངོས་འཛིན་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ལས་དོན་རྒྱུན་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པ།
རྒྱ་ནག་གཞུང་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། ལོ་རྒྱུས་དང་སྐད་ཡིག་བཅས་ཀྱི་བོད་མི་མང་གི་མངོན་འདོད་གླེང་སློང་དགོས་པ།
བོད་མི་མང་གི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གཙོ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་སོགས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་ཐོག་རྒྱབ་སྐྱོར་བྱེད་དགོས་པ།
ཨ་རིའི་སྲིད་འཛིན་གྱིས། རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་གོ་ཐོབ་དང་ཤུགས་རྐྱེན་བཀོལ་སྤྱོད་བྱས་ཏེ། བོད་མིའི་སྒྲིག་འཛུགས་ལ་མཉམ་འབྲེལ་རྒྱལ་ཚོགས་དང་དེ་འབྲེལ་གྱི་ལྷན་ཚོགས་ནང་ཟུར་ཉན་པའི་གནས་བབ་བསྐྲུན་དགོས་པ།
ཨ་རིའི་ཕྱི་སྲིད་དྲུང་ཆེས། བོད་མིའི་སྒྲིག་འཛུགས་མཉམ་འབྲེལ་རྒྱལ་ཚོགས་གཙོས་འབྲེལ་ཡོད་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཏུ་བཅུག་སྟེ། བོད་མིའི་སྒྲིག་འཛུགས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལམ་ལུགས་ནང་གི་མི་རིགས་དང་ཐབས་ཇུས། རོགས་དངུལ་སོགས་གལ་འགངས་ཆེ་བའི་གནད་དོན་ཐོག་འདྲ་མཉམ་གྱི་གོ་སྐབས་བསྐྲུན་དགོས་པ།
ཨ་རིའི་ཕྱི་སྲིད་དྲུང་ཆེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྲིད་སྐྱོང་གི་ཚབ་མཚོན་མི་སྣར་ཐད་ཀར་མཐོ་རིམ་མི་སྣའི་རྣམ་པའི་ཐོག་ནས་འབྲེལ་འདྲིས་བྱེད་དགོས་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཨ་རིར་ཕེབས་སྐབས་ཕྱི་འབྲེལ་སྲིད་ཇུས་ཀྱི་ཐོག་ནས་བདེ་འཇགས་སྲུང་སྐྱོབ་ཚད་རིམ་ངེས་ཅན་སྤྲོད་དགོས་པ།
ཨ་རིའི་ཕྱི་སྲིད་དྲུང་ཆེས། ཨ་རིའི་མཐུན་ཕྱོགས་དང་མཉམ་འབྲེལ་རྒྱལ་ཁབ་ཁག་ལ་བོད་མིའི་སྒྲིག་འཛུགས་ལ་འབྲེལ་འདྲིས་དང་རྒྱབ་སྐྱོར་ཚད་མཐོ་བྱེད་པར་སྐུལ་མ་གཏོང་དགོས་པ། ཁྲིམས་འཆར་འདིའི་དགོས་མཁོ་ཁག་ལག་བསྟར་བྱས་པའི་གྲུབ་འབྲས་ཞིབ་ཕྲ་ཞིག་གྲོས་ཚོགས་སུ་ལོ་འཁོར་སྙན་ཐོ་འགོད་འབུལ་གནང་དགོས་ཀྱི་ཡོད་པ་བཅས་རེད་འདུག
ཁྲིམས་འཆར་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་ཀྱི་ངོ་བོ་ནག་བསུབ་གཏོང་བཞིན་པར་བྲེལ་བའི་དུས་སྐབས་འདིར། ཁྲིམས་འཆར་འདིས་ཨ་རིའི་བོད་མི་མང་དང་བོད་མིའི་སྒྲིག་འཛུགས། བོད་མི་མང་གིས་རང་གི་མ་འོངས་པའི་འདེམས་པའི་ཐོབ་ཐང་བཅས་ལ་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད། ཅེས་དང་། ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བོད་མི་རྣམས་ལ་རང་གི་མངོན་འདོད་དང་རང་དབང་། ཆེ་མཐོང་གི་རེ་འདུན་རྒྱུན་འཛིན་བྱེད་པའི་ཆེད་དུ་དམངས་གཙོའི་ལམ་ལུགས་འཛུགས་སྐྲུན་བྱེད་པར་འབད་བརྩོན་གནང་ཡོད། བོད་མིའི་སྒྲིག་འཛུགས་ནི་དམངས་གཙོའི་ལམ་ནས་བྱུང་བའི་དེའི་མཐོང་སྣང་ཞིག་རེད། ཨ་རིའི་གཞུང་དང་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བ་བརྒྱུད་ཁྲིམས་འཆར་འདིས་བོད་མི་དང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མགོ་ཁྲིད་ཚོར་བོད་ཀྱི་མ་འོངས་པ་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པར་རོགས་རམ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག
བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཁྲིམས་འཆར་འདི་ཐོག་མར་འདོན་མཁན་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ངོ་སྤྲོད་གནང་། ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་གྲོས་ཚོགས་གོང་མའི་འཐུས་མི་ཇའེ་ཧྥི་མྲག་ལེ་ (Jeff Merkley) ལགས་དང་གྲོས་ཚོགས་གོང་མའི་འཐུས་མི་ཇིམ་རི་ཤི་ (Jim Risch) ལགས་རྣམ་གཉིས་ཀྱིས་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་གནང་ཡོད། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་དུ་ཁྲིམས་འཆར་དེའི་ཐོག་བགྲོ་གླེང་གནང་མུས་ཡིན་པ་དང་། གལ་སྲིད་གྲོས་ཚོགས་གོང་འོག་གཉིས་ནས་གཏན་འབེབས་རྒྱབ་སྐྱོར་ཐོབ་རྗེས། ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་ཉིན་ནས་དངོས་སུ་ཨ་རིའི་ཁྲིམས་སུ་འགྱུར་གྱི་ཡོད།
འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ཞིག་གིས། ཨ་རིའི་གྲོས་ཚོགས་ནང་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དག་གིས་བོད་མི་རིགས་རྩ་གཏོར་རམ་སྡེབ་གསོད་ཀྱི་རྒྱལ་སྤྱིའི་ཉེས་ཁྲིམས་དང་འགལ་ཡོད་མེད་དབྱེ་ཞིབ་བྱ་དགོས་པའི་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ཞིག་བཏོན་ཡོད། གལ་སྲིད་རྒྱ་ནག་གིས་བོད་ནང་དུ་རྒྱལ་སྤྱིའི་སྒྲིག་ཁྲིམས་ལ་འགལ་བའི་ཉེས་སྐྱོན་བཟོས་ཡོད་ཚེ། ཨ་རིས་རྒྱ་ནག་གི་དཔོན་རིགས་ཚོར་ཐོངས་མཆན་བཀག་སྡོམ་དང་ཕྱི་སྲིད་འབྲེལ་ལམ་སོགས་ཀྱི་ཐོག་ནས་ཆད་པ་ནན་མོ་གཅོད་རྒྱུ་ཡིན་འདུག
གསར་འགོད་པ། སྐལ་བཟང་སྦྱིན་པ།་





