སཱོ་རབ་ཅཱོ་ཧཱན་གྱིས་ཨིན་ཡིག་ཏུ་བརྩམས། ཚེ་རིང་དོན་གྲུབ་ཀྱིས་བོད་སྒྱུར་བྱས།
བཙན་བྱོལ་དུ་གནས་པའི་བོད་མི་ཚོས་འཐབ་རྩོད་བྱ་དགོས་པ་གཉིས་ཡོད། དེ་གཉིས་ཕན་ཚུན་མཉམ་གཤིབ་ཏུ་སྐྱོད་བཞིན་ཡོད་མོད་ཀྱང་ངོ་བོ་གཅིག་མ་རེད། གཅིག་ནི་ཡུན་རིང་ནས་སྙིང་དུ་བཅངས་པའི་རེ་བ་སྟེ། ཉིན་གཅིག་རང་ཡུལ་དུ་ལོག་ནས་རང་དབང་གི་དཔལ་ལ་ལོངས་སུ་སྤྱོད་རྒྱུ་དེ་རེད། རེ་བ་དེ་ནི་ངོ་མ་རེད། རེ་བ་དེས་མི་མང་པོ་ཞིག་ལ་ངེས་གཏན་མེད་པའི་འདས་པའི་ལོ་ངོ་བཅུ་ཕྲག་འགའ་འགྲིམ་རྒྱུར་གསོན་ཤུགས་སྦྱིན་ཡོད། འཐབ་རྩོད་གཞན་དེ་ནི་གྲགས་འགུལ་གྱི་རྣམ་པ་མི་ཆེ་ནའང་ཕྱོགས་གང་ཅིའི་ཐད་ནས་དཀའ་ཚེགས་ཆེ་བ་ཡོད། དེ་ནི་དུས་ཀུན་ཏུ་མི་རིགས་ཤིག་གི་ངོ་བོར་གནས་རྒྱུའི་ནམ་ཞག་རྒྱུན་གཏན་གྱི་བྱ་གཞག་བསྐྱང་རྒྱུ་དེ་རེད། ཕྱོགས་ཚང་མ་ནས་ཕར་འཐེན་ཚུར་འཐེན་བྱེད་པའི་དུས་ཡུན་དེའི་ནང་མཉམ་རུབ་ཐོག་སྡོད་རྒྱུ་དང་། བོད་ཀྱི་སྐད་ཡིག་དེ་ཚེས་བཟང་དུས་བཟང་ཁོ་ནར་མ་ཡིན་པར་ཁྱིམ་ཚང་སོ་སོའི་ནང་རྒྱུན་གཏན་ནས་འཆད་བརྗོད་ཀྱི་རྒྱུན་བསྐྱང་རྒྱུ། ཆོས་ལུགས་ནི་གཞོན་སྐྱེས་ཚོའི་རྣ་ཐོས་ཀྱི་ཡུལ་ཙམ་དུ་གྱུར་བའི་རྒྱང་རིང་གི་འདས་དོན་ག་གེ་མོ་ཞིག་མ་ཡིན་པར། རྒྱུན་གཏན་གྱི་འཚོ་བའི་ནང་ཉམས་ལེན་དང་ལག་བསྟར་བྱེད་པའི་ངོ་བོར་སྲུང་སྐྱོབ་བྱ་རྒྱུ། གཞིས་ཆགས་ཁག་རིམ་པས་སྟོང་བཞིན་པའི་གནས་སྟངས་འགོག་རྒྱུ། ནང་མི་ཚང་མ་རྒྱ་གར་དང་། བལ་ཡུལ། ཡོ་རོབ། ཨ་རི་བཅས་ཀྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཁ་འགྲམས་ཏེ་རང་རང་གི་ཐ་དད་པའི་འཚོ་བའི་ནང་འཐིམས་ནས་མཐར་ཁོང་ཚོའི་རྒྱུད་ལ་རང་ཉིད་ནི་གཏམ་རྒྱུད་གཅིག་གི་ཆ་ཤས་སུ་གཏོགས་པའི་ཚོར་སྣང་དེ་ཡང་མི་སྣང་བར་འགྱུར་ཉེན་གྱི་གནས་སྟངས་སྔོན་འགོག་བྱ་རྒྱུ་བཅས་ནི་ནམ་ཞག་རྒྱུན་གཏན་གྱི་བྱ་གཞག་རེད། འཐབ་རྩོད་གཉིས་པ་འདི་གླེང་སློང་བྱས་པ་ཧ་ཅང་ཉུང་ཉུང་ཡིན་ནའང་། འདི་མེད་ན་འཐབ་རྩོད་དང་པོ་རེ་བ་ཡི་དོན་སྙིང་འབོར་འགོ་ཚུགས་པ་རེད།
འཐབ་རྩོད་གཉིས་པ་འདི་དཀའ་ཚེགས་ཆེ་བ་ཡོད་པ་ནི་གལ་སྲིད་ཁྱེད་རང་གིས་ཉིན་ནས་ཉིན་བསྟུད་དེ་འཐབ་རྩོད་གཉིས་པ་འདིའི་ནང་མ་ཞུགས་ཚེ་རྣམ་གཡེང་རྒྱ་ཡན་དུ་གཏོང་སླ་བ་ཡོད་པས་རེད། རང་ཉིད་ཀྱི་སྟངས་འཛིན་འོག་ས་ཁོངས་གཅིག་ཀྱང་མེད་ཅིང་། ཐག་གཅོད་རྣམས་ལག་བསྟར་དུ་འགེལ་བྱེད་ཀྱི་དམག་མི་མེད་ལ། གཞན་ལ་ལྟོས་མི་དགོས་པའི་དབང་ཚད་ཀྱང་མེད། ལས་དོན་རྣམས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགྱུར་ལྡོག་འགྲོ་བཞིན་པའི་སྲིད་བྱུས་ཁག་ལ་ལྟོས་ཏེ་ལག་བསྟར་བྱ་དགོས་ཀྱི་ཡོད། དགོས་དངུལ་རྣམས་འདང་ངེ་འདུམ་མེ་ཙམ་ཞིག་དང་། དེ་དག་ཀྱང་བོད་མི་མང་ཚོགས་ཀྱི་དྭང་བླངས་ཞལ་འདེབས་དང་། འཕེལ་གྲིབ་ལ་ངེས་གཏན་མེད་པའི་ཕྱིའི་རོགས་སྐྱོར་ལས་ཡོང་གི་ཡོད། མང་ཚོགས་ནི་ས་གནས་གང་སར་ཁ་འགྲམས་ཏེ། ཁག་གཅིག་ནི་ཚོགས་སྡེ་ཁག་ཏུ་གཞིས་ཆགས་པ་དང་། མང་དག་ཅིག་ནི་ཁ་འཐོར་གྱི་འཚོ་བ་སྐྱེལ་བཞིན་ཡོད། བུ་ཕྲུག་རྣམས་ནི་ཡུལ་མིའི་ས་གནས་སློབ་གྲྭ་ཁག་ཏུ་སྐྱོད་བཞིན་ཡོད་པས། སློབ་གྲྭ་དེ་དག་ནང་སྐད་ཡིག་གཙོ་བོ་ནི་བོད་སྐད་མ་རེད། ཁྱིམ་དུ་འབྱོར་སྐབས་ཁོང་ཚོས་འཛམ་གླིང་གཞན་དང་། འཛམ་གླིང་གཞན་གྱི་རོལ་དབྱངས། འཛམ་གླིང་གཞན་གྱི་ཕུགས་བསམ་བཅས་ཀྱིས་ཁེངས་པའི་ཁ་པར་དང་བརྙན་ཡོལ་ལ་འཇུག་གི་ཡོད། ཕ་མ་རྣམས་ནི་རྒྱུན་དུ་དུས་ཡུན་རིང་པོར་དཀའ་ཚེགས་ཆེ་བའི་ལས་ཀ་ལས་དགོས་པས། ཁྱིམ་དུ་ཐང་ཆད་དེ་ཡོང་གི་ཡོད། གནས་སྟངས་དེ་འདྲའི་འོག་དེ་སྔ་རང་ཉིད་ཀྱི་ངོ་བོ་འཛིན་བྱེད་ཀྱི་ཉིན་རྒྱུན་གྱི་འཚོ་བའི་གོམས་གཤིས་དག་རྒྱུན་སྐྱོང་བྱ་རྒྱུ་དང་། གཏམ་རྒྱུད་རྙིང་པ་དག་བརྗོད་རྒྱུ། ཕ་སྐད་བརྒྱབ་རྒྱུར་སྐུལ་ལྕགས་གཏོང་རྒྱུ་བཅས་ནི་དཀའ་ཁག་ཆགས་ཡོད། དབུས་གཙང་། ཁམས། ཨ་མདོ་བཅས་ཀྱི་ཆོལ་ཁའི་ཚོར་ཞེན་ནི་ཤུགས་ཆེ་ཞིང་། ཆོས་ལུགས་ཆོས་བརྒྱུད་ཕན་ཚུན་དབར་གྱི་ཁྱད་པར་དག་ཀྱང་ད་དུང་ཡང་ཚོར་བཞིན་ཡོད་པས། ས་ཁད་ཀྱི་རྒྱང་ཐག་དང་དེང་དུས་ཀྱི་འཚོ་བའི་གནོན་ཤུགས་འོག་ཁྱད་པར་དེ་དག་མངོན་གསལ་མེད་པའི་འགལ་ཟླའི་ངོ་བོར་འགྱུར་སླ་བ་ཞིག་ཀྱང་ཆགས་ཡོད། ལོ་ཟླ་རིམ་སོང་གི་དུས་ཡུན་ནང་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་ལྡོག་མེད་པ་མཐོང་དུས་བློ་ཕམ་དང་ཐབས་ཟད་པའི་ཚོར་སྣང་ཡོང་གི་ཡོད་ཅིང་། ས་མཚམས་ཀྱི་ཕར་ངོས་ན་ཁྱིམ་མཚེས་སྟོབས་ཆེན་ཞིག་གིས་དུས་ཚོད་དང་། ཐོན་ཁུངས། སྤྲོ་སྣང་དང་བཅས་ཏེ་བཙན་བྱོལ་སྤྱི་ཚོགས་དེ་ཉམས་རྒུད་དུ་འགྲོ་རྒྱུར་ལྟ་བཞིན་བསྡད་ཡོད་པས། གནས་སྟངས་དེ་དག་གི་ཁྲོད་ན་བཙན་བྱོལ་སྤྱི་ཚོགས་དེ་དུམ་བུར་མ་སོང་བ་བྱ་རྒྱུར་རྒྱུན་བརྟན་ཞིང་འཁྲུག་ཆ་དོད་པོ་མེད་པའི་ལོ་ནས་ལོ་བསྟུད་དེ་སྐྱོང་དགོས་པའི་རྩོལ་བ་ལ་བསྟེན་དགོས་པ་རེད། རྩོལ་བ་དེས་འཁྲུག་ཆ་དོད་པའི་གསར་འགྱུར་རིགས་སྤེལ་སྐྲུན་བྱེད་ཀྱི་མེད་ཀྱང་། རྩོལ་བ་དེ་འཐུས་ཤོར་དུ་ཕྱིན་ཚེ་ལས་དོན་གཞན་ཚང་མ་ཉམས་དམས་སུ་གཏོང་གི་ཡོད།
བཙན་བྱོལ་སྒྲིག་འཛུགས་དེའི་ད་ཡོད་ཀྱི་སྒྲོམ་གཞི་དེ་ནི་དཀའ་ཚེགས་ཆེ་བའི་དགོས་མཁོ་འདིའི་འོག་ནས་ཐད་ཀར་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཞིང་། སྒྲིག་འཛུགས་དེ་ལ་རང་ཉིད་ལ་དབང་བའི་ས་ཆ་དང་། རང་ཉིད་ལ་དབང་བའི་དམག་མི། རང་དབང་གཙང་མའི་དབང་ཚད་བཅས་མེད་པས། རྒྱུན་ལྡན་རྒྱལ་ཁབ་ཅིག་གི་སྲིད་གཞུང་དང་མཚུངས་པར་ལས་དོན་སྤེལ་རྒྱུར་ནམ་ཡང་རང་དབང་མེད། སྒྲིག་འཛུགས་དེའི་ལས་དོན་ནི་ཡུན་རིང་གི་དཀའ་ཚེགས་ལ་མ་ལྟོས་པར་ཁ་འཐོར་ཏུ་གནས་ཡོད་པའི་མི་མང་རྣམས་འཛིན་སྐྱོང་གཅིག་གི་འོག་ཏུ་བསྡུ་རྒྱུའི་དགོས་མཁོས་ཁ་ཕྱོགས་བསྒྱུར་ཡོད། སྲོལ་རྒྱུན་གྱི་ཆོལ་ཁ་གསུམ་གྱི་མངའ་ཁུལ་སོ་སོར་གཞུང་འབྲེལ་གྱི་གོ་འབབ་སྤྲོད་དགོས་རྒྱུ་དང་། ཆོས་ལུགས་ཆོས་བརྒྱུད་ཀྱི་འཐུས་ཚབ་སོར་ཉར་བྱ་དགོས་རྒྱུ། ཤོག་ཁག་ཕན་ཚུན་དབར་གྱི་འགྲན་རྩོད་ལ་གཟབ་ནན་གྱི་སྒོ་ནས་གདོང་ལེན་བྱ་དགོས་རྒྱུ་བཅས་ནི། རྒྱུན་མཐུད་དེ་གནོན་ཤུགས་འོག་ཡོད་པའི་མི་ཚོགས་ཆུང་ཆུང་ཞིག་གཏིང་ཟབ་ཅིང་ཡུན་རིང་བའི་ནང་འཁྲུག་ཁྲོད་དུ་འཚོ་གནས་ཐུབ་དཀའ་བའི་དངོས་ཡོད་ཀྱི་སེམས་འཁུར་ཞིག་གི་ཐོག་ནས་བྱུང་བ་ཞིག་ཆགས་ཡོད། བཀོད་སྒྲིག་དེ་དག་ནི་ཡང་དག་པ་ཞིག་མ་རེད། བཀོད་སྒྲིག་དེ་དག་གིས་ལས་དོན་རྣམས་ལ་འགོར་འགྱངས་དང་། སྐབས་རེ་ལས་དོན་རྣམས་རང་དགགས་སུ་གྱུར་ཏེ་བློ་ཕམ་དང་ཞེ་བསུན་གྱི་གནས་སྟངས་སྐྲུན་གྱི་ཡོད། བཀོད་སྒྲིག་དེ་དག་ཐོག་ནས་ཕྱིའི་གནོན་ཤུགས་བར་མ་ཆད་པར་ཡོད་པ་དང་། དགོས་མཁོའི་མཐུན་རྐྱེན་ཡང་འདང་ངེ་འདུམ་མེ་ཙམ་ལས་མེད་པའི་སྒྲིག་འཛུགས་དེའི་རྣམ་པ་གསལ་སྟོན་བྱེད་ཀྱིན་ཡོད། མཐུན་རྐྱེན་དང་ནུས་ཤུགས་གང་ཡོད་ཀྱི་ཆ་ཤས་མང་ཆེ་བ་ནི་སློབ་གྲྭ་འཛིན་སྐྱོང་དང་། འཕྲོད་བསྟེན་ལྟ་སྐྱོང་། རིག་གཞུང་སྲུང་སྐྱོབ། གཞིས་ཆགས་ཁག་གི་གཞི་རྩའི་དགོས་མཁོ་བསྐོང་རྒྱུ་བཅས་ཀྱི་ཐོག་གཏོང་བཞིན་ཡོད། དེ་དག་ནི་ད་དུང་སྲུང་སྐྱོབ་དང་རྒྱུན་སྐྱོང་བྱེད་ཀྱིན་པའི་ལས་དོན་དག་རེད། སྙུག་བསྲིངས་སྟེ་སྐྱོང་བཞིན་པའི་རྣམ་པ་རྒྱུན་ལྡན་ཅན་གྱི་སྲུང་སྐྱོབ་ཀྱི་བྱ་གཞག་དེ་ནི་རང་དབང་གི་དཔལ་ལ་ལོངས་སྤྱོད་རྒྱུའི་རེ་བ་ཆེན་པོ་དེ་གཞི་རྩ་སྟོང་པ་ཞིག་གི་སྟེང་དུ་གནས་མེད་པའི་ངེས་ཤེས་སྐྲུན་མཁན་དེ་ཆགས་ཡོད།
དཀའ་ཚེགས་ཆེ་བའི་གནས་སྟངས་འོག་རང་ཉིད་ཀྱི་རྒྱུན་ལྡན་གྱི་འཚོ་བ་སྐྱོང་ཐབས་བྱེད་པའི་མི་ཞིག་ལ་འཕྲད་ངེས་པའི་དཀའ་ངལ་མང་དག་ཅིག་ཁོ་ཚོར་འཕྲད་བཞིན་ཡོད། བོད་མི་ཚོ་ལ་མཚོན་ན་ཆོས་ལུགས་ནི་ད་དུང་ཡང་མི་རིགས་ཀྱི་ངོ་བོ་དང་། ཤེས་ཡོན། མི་རབས་རྒྱུན་འཛིན་ཀྱི་སེམས་ཚོར་བཅས་དང་འབྲེལ་བ་དམ་ཟབ་ཏུ་གནས་ཡོད་པས། ཆོས་ལུགས་ཀྱི་གལ་ཆེའི་རང་བཞིན་གྱི་རྒྱུན་མི་ཆད་པར་གནས་ཡོད་པ་ནི་མངོན་གསལ་རེད། དཀའ་ཚེགས་ཆེ་བའི་དུས་སྐབས་འགའ་རེར་སྒྲིག་འཛུགས་རང་བཞིན་གྱི་འགྲོ་ལུགས་ཀྱི་བྱ་ཐབས་ཟད་སྐབས་བོད་མི་ཚོས་གཏིང་ཟབ་པའི་བཟང་སྤྱོད་ཀྱི་དབང་ཤུགས་ལྡན་པའི་སྐྱེ་བོ་སྒེར་ལ་རྟེན་ལྟོས་བྱེད་ཀྱི་ཡོད། དེ་དག་ནི་མི་རིགས་ཤིག་གིས་རང་ཉིད་ཀྱི་བྱ་ཐབས་གང་ཡོད་སྤྱད་དེ་མི་རིགས་དེ་ཉིད་གོང་བུ་གཅིག་ཏུ་སྐྱོང་ཐབས་བྱེད་ཀྱིན་པའི་དངོས་ཡོད་གནས་ཚུལ་ཞིག་རེད།
ཡུན་རིང་དུ་སྙུག་བསྲིངས་ཏེ་བཟོད་སྲན་ཆེན་པོས་སྐྱོང་དགོས་པའི་འགན་འཁྲི་དེ་འདྲ་བའི་རིགས་སྔར་གྱི་གསུང་རབ་ཀྱི་ནང་དུའང་བསྟན་ཡོད། བསྟན་འགྱུར་ནང་བཞུགས་ཡོད་པའི་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པའི་ལེའུ་བཅུ་པའི་ཤོ་ལོ་ཀ་ ༥༥ པར། ཇི་སྲིད་ནམ་མཁའ་གནས་པ་དང་། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་གསུངས་ཡོད།
གསུང་དེའི་དོན་ནི་འཕྲལ་མར་རྒྱལ་ཁ་བླང་རྒྱུའམ། ཡང་ན་འཕྲལ་མ་ཡང་དག་པའི་ལམ་ལུགས་ཤིག་ཡོང་ཐབས་ཀྱི་དོན་མ་ཡིན་པར། ཇི་སྲིད་དགོས་མཁོ་ནམ་གནས་བར་དེ་སྲིད་དུ་ལས་དོན་སྐྱོང་དགོས་རྒྱུའི་དོན་རེད། ལེའུ་དེའི་ནང་བཟོད་པའི་སྐོར་བཤད་པའི་སྐབས་གཞན་གྱི་བདེ་དོན་ལ་ཐུག་སྐབས་དཀའ་ངལ་ཁྱད་དུ་གསད་དགོས་པ་དང་། དཀའ་ཚེགས་ཇི་ལྟར་ཆེ་ནའང་ནམ་ཡང་ཕྱིར་བཤིག་བྱེད་མི་ཉན་པ་གསུངས་ཡོད། བཀའ་འགྱུར་ནང་དུ་བཞུགས་པའི་འདུལ་བའི་སྡེ་སྣོད་ནང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཁ་འཐོར་དུ་བཏང་བ་ནི་ཉེན་ཚབས་ཆེ་ཤོས་ཤིག་ཡིན་པ་བསྟན་ཡོད། མི་རིགས་ཤིག་ཁ་འཐོར་དུ་སོང་ཚེ་མི་རིགས་དེའི་རིག་གཞུང་དང་ཆབ་སྲིད་ཀྱི་རེ་བ་གཉིས་ཀ་ཉམས་དམས་སུ་འགྲོ་གི་ཡོད།
དེར་བརྟེན་གཞི་རྩའི་ལས་འགན་ནི་མི་རིགས་དེ་ཁ་འཐོར་དུ་མ་སོང་བར་གཅིག་ཏུ་བསྒྲིལ་རྒྱུ་དེ་ཆགས་ཡོད། སྐད་ཡིག་ནི་ཁྱིམ་གྱི་ཐབ་ཚང་དང་སྒོ་རའི་ནང་ཐོས་རྒྱུ་ཡོད་ཅིང་། ཆོས་ལུགས་ནི་དགོན་སྡེ་ཁག་དང་རྒྱུན་ལྡན་གྱི་འཚོ་བའི་ནང་ཉམས་ལེན་བྱེད་བཞིན་ཡོད་ལ། མི་ཚོས་ཕན་ཚུན་གྱི་ངོ་ལ་བལྟས་ཏེ་ཁོ་རང་ཚོ་ནི་རྒྱུན་མཐུད་དེ་གནས་ཡོད་པའི་གཏམ་རྒྱུད་གཅིག་གི་ཁོངས་སུ་གཏོགས་ཡོད་པ་ཤེས་ཀྱི་ཡོད་མོད། དེ་ནའང་འཐབ་རྩོད་གཉིས་པ་དེ་ནི་དལ་བུ་ཡོད་པས། རྒྱུན་དུ་བློ་ཕམ་དང་སུན་སྣང་ཞིག་མ་གཏོགས། འཁྲུག་ཆ་དོད་ལ་དཔའ་ངར་ལྡན་པའི་ཚོར་སྣང་སྦྱིན་དཀའ་ལ། འཐབ་རྩོད་དེ་ལ་སྣང་འཇོག་བྱེད་མཁན་ནི་རང་དབང་གི་འབོད་སྒྲ་ལས་ཉུང་མོད། དེ་ལྟར་ནའང་དེ་ནི་འཐབ་རྩོད་གཞན་ཐམས་ཅད་ཀྱི་གཞི་རྟེན་ཆགས་ཡོད། བོད་མི་མང་དེ་མཉམ་དུ་གནས་ཚེ་ཕུགས་ཀྱི་རེ་བ་དེ་གསོན་པོར་གནས་ངེས་ཤིང་། བོད་མི་མང་དེ་གཏན་དུ་ཁ་འཐོར་ཚེ་ཕུགས་ཀྱི་རེ་བ་དེ་ཡང་མི་སྣང་བར་འགྱུར་འགོ་ཚུགས་པ་རེད།
*སཱོ་རབ་ཅཱོ་ཧཱན་ (Saurabh Chauhan) ལགས་ནི་ཧི་མ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གསར་འགོད་པ་དང་རང་དབང་ཅན་གྱི་ཉམས་ཞིབ་པ་ཞིག་རེད། ཁོང་གིས་ཧིན་རྡུ་སི་ཐན་དུས་བབ་གསར་ཁང་དུ་ལོ་ངོ་བརྒྱད་ཙམ་རིང་ཕྱག་ལས་གནང་ཡོད་ཅིང་། སྐབས་དེར་ཁོང་གིས་ཆབ་སྲིད་དང་། སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་གནད་དོན་རྒྱ་ཆེ་ཞིག་གི་ཐོག་སིམ་ལ་དང་། ཅན་རྡི་གྷར། ལཀ་ནོའུ་བཅས་ཀྱི་ས་གནས་ནས་གནས་ཚུལ་སྤེལ་གནང་ཡོད། ཁོང་གི་བརྩམས་ཆོས་ནི་སྦི་སྦི་སི་ཧིན་རྡི་གསར་ཤོག་དང་། The Print གསར་ཤོག Firstpost གསར་ཤོག དེ་བཞིན་དུས་དེབ་མང་པོ་ཞིག་གི་སྟེང་འཁོད་པ་བྱུང་ཡོད། ཁོང་གིས་འཐོན་ལ་ཉེ་བའི་ཕྱག་དེབ་ “Prayer Wheels in the Cloud” ཞེས་པ་ཞིག་རྩོམ་བྲིས་གནང་མུས་ཡིན་ཞིང་། ཕྱག་དེབ་དེའི་ནང་ཁོང་གིས་འཕོ་གྱུར་འགྲོ་མགྱོགས་པའི་འཛམ་གླིང་དང་འཕྲུལ་རིག་གི་ཆེ་ཤེལ་བརྒྱུད་དེ་མ་འོངས་པའི་བོད་མིའི་ཆོས་དང་། རིག་གཞུང་། ཆབ་སྲིད་བཅས་ཀྱི་འཐབ་རྩོད་ལ་རྟོག་ཞིབ་གནང་ཡོད་པ་བཅས་ངོ་སྤྲོད་མདོར་བསྡུས་སུ།
མ་རྩོམ་ལ་གཟིགས་འདོད་མཆིས་ཚེ་འདིར་ནོན།
