མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༢༦/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་སྟོན་འགོ་ཚུགས་པ་ནས་བཟུང་རྒྱ་ནག་གཞུང་གིས་མི་རིགས་རྒྱ་སྒྱུར་སྲིད་ཇུས་ལག་བསྟར་འོག་ཏུ། བོད་ཡིག་སློབ་གྲྭ་ཁག་གི་ཡིག་ཆ་ཚད་ལྡན་མིན་པར་ཁ་གཡར་ནས། སྔ་རྗེས་སུ་བོད་སྐད་ཡིག་སློབ་གསོ་གཙོ་གཉེར་བྱེད་པའི་སློབ་གྲྭ་ཆུང་འབྲིང་གསུམ་གྱི་སྒོ་བརྒྱབ་འདུག སློབ་གྲྭ་གསུམ་པོ་མགོ་ལོག་རྨ་ཆེན་རྫོང་གི་ཁོངས་སུ་ཡོད་པ་རེད།

སློབ་གྲྭ་དང་པོ།

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ།

རྒྱ་ནག་གཞུང་གི་བཙན་དབང་འོག་ཏུ། ཕྱི་ལོ་༢༠༢༦ ཟླ་ ༨ ཚེས་ ༢༨ ཉིན་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་སྒོ་རྒྱག་དགོས་བྱུང་འདུག་ལ། རྒྱུས་ལོན་བྱུང་བ་ལྟར་ན། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནི་བོད་ཀྱི་སློབ་གསོ་བ་གྲགས་ཅན་མགོ་ལོག་འཇིགས་མེད་རྒྱལ་མཚན་ལགས་ཀྱིས། ཕྱི་ལོ་ ༢༠༠༥ ཟླ་ ༡༠ ཚེས་ ༡༥ གསར་འཛུགས་གནང་བ་ནས་ཕྱི་ལོ་ ༢༠༢༦ ཟླ་ ༨ ཚེས་ ༢༨ ད་བར་ཏེ། མི་ལོ་ ༢༠ ལྷག་ཕྱིན་པའི་རིང་ལ་བོད་ཁུལ་གྱི་སློབ་ཕྲུག་བུ་མོ་སྟོང་ཕྲག་མང་པོར་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་སྤྲད་ཡོད་འདུག

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།

འདི་ལོར་སློབ་གྲྭ་དེར་སློབ་ཕྲུག་བུ་མོ་ ༤༤༨ ཡས་མས་དང་། འབྲིང་རིམ་ཆེད་གཉེར་གྱི་དགེ་རྒན་ ༤༤ ། དགེ་ལས་ ༦༣ ། སློབ་ཆུང་ནང་འཛིན་གྲྭ་ ༦ ཡོད་པ་དང་། སློབ་ཡུན་ལོ་ ༦ དང་། སློབ་འབྲིང་ནང་འཛིན་གྲྭ་ ༦ དང་སློབ་ཡུན་ལོ་ ༣ བཅས་ཁྱོན་ལོ་དགུའི་འོས་འགན་སློབ་གསོའི་སྒྲིག་ཁོངས་སུ་ཡོད་འདུག

གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནི་རྭ་རྒྱ་གྲོང་རྡལ་ནས་བར་ཐག་སྤྱི་ལེ་ ༢༠ ཡས་མས་མཚམས་ཀྱི་གནས་རི་ཨ་མྱེས་ཀེ་ཐོ་ཡི་རི་གཤམ་དུ་ཆགས་ཡོད། སློབ་གྲྭ་འདི་ནས་སློབ་འབྲིང་མཐར་ཕྱིན་པའི་སློབ་ཕྲུག་མང་པོ་ནུབ་བྱང་མི་རིགས་སློབ་ཆེན་(Northwest University for Nationalities)གཙོ་བྱས་པའི་བོད་ནང་གི་སློབ་ཆེན་ཁག་དང་། དེ་མིན་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་སློབ་ཆེན་རེ་ཟུང་འགྲིམས་ནས། ད་ལྟ་བོད་ནང་གི་སྤྱི་ཚོགས་ལས་རིགས་སྣ་ཚོགས་ལ་འཇུག་མུས་ཡིན་པ་ལྟར། རྩྭ་ཐང་བུ་མོའི་སློབ་གླིང་གི་བོད་སྐད་ཡིག་སློབ་གསོའི་མཛད་རྗེས་ལ་བོད་ཀྱི་སྤྱི་ཚོགས་སྟེང་བསྔགས་བརྗོད་དང་གདེང་འཇོག་མཐོན་པོ་གནང་མུས་རེད།

ཡིན་ནའང་། རྒྱ་ནག་གཞུང་གི་བཙན་དབང་གི་འོག་ཏུ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གློ་བུར་སྒོ་རྒྱག་དགོས་བྱུང་བའི་གནས་སྟངས་ཐད་ལ། བོད་ཕྱི་ནང་གི་དགེ་སློབ་གསར་རྙིང་དང་མི་མང་གིས་བློ་ཕམ་དང་། གདུང་འབོད་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན་བཞིན་པ་ནི་རྩྭ་ཐང་བུ་མོའི་སློབ་གྲྭ་བཙུགས་ནས་མི་ལོ་ ༢༡ འཁོར་བའི་རྗེས་དྲན་དུས་ཆེན་དང་འབྲེལ་ནས། སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་མཐོང་རྒྱུ་འདུག་སྟེ། “དེ་རིང་ནི་མ་ཡུམ་སློབ་གྲྭ་སྟེ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་འཁྲུངས་སྐར་ཡིན་ལ། སློབ་གྲྭ་འདི་བཙུགས་ནས་མི་ལོ་ ༢༡ འགོར་ཡོད་ཅིང་། མི་ལོ་ ༢༡ དུས་ཡུན་འདི་ངེད་དགེ་སློབ་ཚོས་མཉམ་དུ་རོལ་བ་ཡིན། ཡིན་ཡང་ད་ལོ་ནས་མཉམ་རོལ་གྱི་སྐལ་བ་འདི་ཡོད་པ་མ་རེད། འོན་ཀྱང་ང་ཚོས་དུས་ནམ་ཡང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་མི་བརྗེད་ལ་དགེ་རྒན་རྣམ་པའི་དྲིན་ལན་དེ་བས་ཀྱང་མི་བརྗེད།” ཅེས་དང་། “ཕ་སྐད་མ་ཡིག་གི་གསེར་མདོག་གི་ཉི་འོད་འཚེར་ས་ཞིག་ནུབ་སོང་།” “ངའི་སྲོག་ཤིང་ཁྱེད་གཏན་དུ་ནུབ་སོང་།” “གངས་ཅན་བོད་ལ་བཀའ་དྲིན་ཆེན་པོ་ཅན།” “གངས་ལ་སྐུ་དྲིན་མཐོ་བའི་སློབ་དཔོན་འཇིགས་མེད་རྒྱལ་མཚན་མཆོག” “ཁྱེད་ཡོད་པས་ང་ཚོར་སྲོག་ཤིང་ཡོད།” སོགས་བྲིས་ནས་རང་སེམས་ཀྱི་བློ་ཕམ་དང་རེ་ཆད་ཀྱི་གདུང་བ་མཚོན་ཐབས་བྱེད་ཀྱིན་འདུག

སློབ་ཆུང་ནས་དམའ་འབྲིང་བར་གྱི་ལོ་དགུའི་སློབ་སྦྱོང་ཁྲོད། མདོ་དབུས་ཁམས་གསུམ་གྱི་བུ་མོ་མང་པོས་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་ལས་གཞན་རྩིས་རིག ཚན་རིག གློག་ཀླད་རིག་པ། ས་ཁམས་རིག་པ། ལོ་རྒྱུས། ཆབ་སྲིད་རིག་པ་བཅས་སྦྱངས་ཡོད་པ་དང་། བོད་ཀྱི་བརྡ་སྤྲོད་དང་། དག་ཡིག སྙན་ངག་བཅས་ནི་སློབ་ཚན་གྱི་གཞི་རྩའི་ཆ་ཤས་གལ་ཆེན་ཞིག་ཡིན་པས། ས་ཁུལ་དེའི་སློབ་གྲྭ་གཞན་དག་ཏུ་དཀོན་པའི་རང་གི་སྐད་ཡིག་དང་རྩོམ་རིག་གི་གཞི་རྩ་བརྟན་པོ་ཞིག་བོད་ཀྱི་བུ་མོ་རྣམས་ལ་སྤྲད་ཡོད་འདུག

བུ་མོའི་སློབ་གྲྭ་འདི་ནི་བོད་ཀྱི་སློབ་གསོ་བ་ཆེན་པོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་མཆོག་གིས་སྒེར་བཙུགས་སློབ་གྲྭའི་ངོ་བོར་གསར་འཛུགས་གནང་བ་ཡིན་ནའང་། རྨ་ཆེན་རྫོང་གི་སློབ་གསོ་ཅུས་ཀྱི་ཁོངས་གཏོགས་སློབ་གྲྭ་ཆགས་རྗེས།  ཁོང་ནི་མཚན་འཛིན་སློབ་གཙོ་ཡིན་འདུག ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ད་ལྟའི་མགོ་ལོག་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་མགོ་ལོག་ཁུལ་ནས་ཕྱི་ལོག་ལ་འགྲོ་འཇུག་གི་མེད་པ་དང་། ཕྱི་ལོ་ ༢༠༢༤ སྒོ་བརྒྱབ་པའི་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བའི་སློབ་གླིང་གི་དགེ་རྒན་བཛྲ་ཚུལ་ཁྲིམས་ལགས་དང་། གྱི་ལིང་འཇིགས་མེད་གཉིས་ལ་འདྲི་རྩད་བྱས་ཡོད་པའི་གནས་ཚུལ་ཡང་འདུག

གནས་ཚུལ་མཁོ་སྤྲོད་བྱེད་མཁན་དགེ་བཤེས་བློ་བཟང་དཔལ་ལྡན་ལྟར་ན། ད་བར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་སློབ་མཐར་ཕྱིན་པའི་སློབ་ཕྲུག་ཆིག་སྟོང་ལྷག་ཡོད་པ་དང་། སློབ་གྲྭ་སྒོ་རྒྱག་སྐབས་ཡིག་ཆ་ཚད་ལྡན་མེད་པར་ཁག་འདོགས་བྱས་འདུག་སྐོར་བརྗོད་བྱུང་།

སློབ་གྲྭ་གཉིས་པ། ཇ་སག་སྡེ་བའི་སློབ་ཆུང་།

ད་ལོའི་ཕྱི་ཟླ་ ༩ ནང་རྨ་ཆེན་རྫོང་སྲིད་གཞུང་གིས་རྭ་རྒྱ་གྲོང་རྡལ་ཇ་སག་སྡེ་བའི་སློབ་ཆུང་བཙན་གྱིས་སྒོ་བརྒྱབ་ཡོད་འདུག ཇ་སག་སློབ་ཆུང་ནི་ཕྱི་ལོ་ ༡༩༩༥ ལོར་བཙུགས་པ་ཡིན་ཞིང་། སྐབས་དེར་སྔར་གྱི་རྭ་རྒྱ་ཡུལ་ཚོ་ཇ་སག་འབྲོག་སྡེའི་ཨུ་ཡོན་ལྷན་ཁང་གི་འབྲོག་པ་རྣམས་ཀྱིས་མ་དངུལ་བསྡུ་རུབ་བྱས་ནས་གསར་འཛུགས་བྱས་པ་ཞིག་རེད་འདུག ཕྱི་ལོ་ ༢༠༠༤ ལོར་ཤེས་ཡོན་སྒྲིག་བཀོད་ཐེངས་དང་པོ་སྤེལ་ནས་རྫོང་ཡོངས་ཀྱི་འབྲོག་པའི་སློབ་ཆུང་ཚང་མ་ཟླ་སྒྲིལ་དང་མེད་པར་བཟོས་སྐབས། ས་གནས་མི་མང་གིས་རེ་སྐུལ་ནན་པོ་བཏོན་པས་སློབ་གྲྭ་འདི་ཟླ་སྒྲིལ་མ་བྱས་པར་ལྷག་ཡོད་འདུག  ཕྱི་ལོ་ ༢༠༠༨ ཡིག་ཐོག་ནས་ “རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་ཨང་གཉིས་པ” ཞེས་མིང་བསྒྱུར་ཞིང་། སྐབས་དེར་རྨ་ཆེན་རྫོང་ཡོངས་ཀྱི་འབྲོག་པའི་བཅའ་སྡོད་སློབ་ཆུང་གཅིག་པུ་དེ་ཡིན་སྐོར་སློབ་གྲྭའི་ལོ་རྒྱུས་ནང་དུ་བཀོད་འདུག

ཇ་སག་སློབ་ཆུང་། པར་དྲ་རྒྱ་ནས་བླངས།

གནས་ཚུལ་མཁོ་སྤྲོད་པ་དགེ་བཤེས་བློ་བཟང་དཔལ་ལྡན་ལྟར་ན། ད་ལོ་ཇ་སག་སྡེ་བའི་སློབ་གྲྭ་ལ་སློབ་ཕྲུག་སུམ་བརྒྱ་ཙམ་དང་། དགེ་རྒན་ལས་བྱེད་ཉི་ཤུ་རྩ་གྲངས་ཡོད་འདུག་པ་དང་། ལོ་འདི་དག་གི་རིང་ལ་ས་གནས་ཀྱི་བོད་རིགས་ཚོའི་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་བོད་རིགས་གཞོན་སྐྱེས་ཚོས་བོད་ཡིག་གཙོས་རིག་གནས་སྣ་མང་སྦྱོང་བའི་ཁོར་ཡུག་སྐྲུན་ཐུབ་ཡོད་པར་མ་ཟད། ད་སྐབས་ཚོགས་ཁང་དང་། འཛིན་ཁང་སོགས་འཛུགས་སྐྲུན་ཀྱང་མི་དམན་པ་བྱས་ཡོད་འདུག སློབ་གཞི་ནི་བོད་རྒྱ་སྐད་གཉིས་ཀྱིས་སློབ་ཁྲིད་གནང་གི་ཡོད་འདུག སློབ་ཆུང་ལོ་རིམ་དང་པོ་ནས་དྲུག་པ་བར་ཡོད་པ་དང་།  སློབ་མའི་ཡོང་ཁུངས་ནི། རྭ་རྒྱ་ཇ་སག་གི་སྡེ་པ་གསུམ་ཏེ། ཇ་སག་སྡེ་གཞུང་མ་དང་། ཡག་ཁྱ། ཐེའུ་བྱེས་བཅས་དང་། གཞན་ཡང་ཉེ་སྐོར་གྱི་ནགས་སྐོར་སྡེ་པས་ཀྱང་བྱིས་པ་གང་མང་སློབ་གྲྭ་འདིར་བཞག་ཡོད་འདུག

ཡང་སློབ་གྲྭ་སྒོ་རྒྱག་དགོས་དོན་གྱི་ཐད་ནས། ཁོང་གིས། སློབ་གྲྭ་གཉེར་ཆོག་པའི་ཁྲིམས་ཐོག་གི་ཡིག་ཆ་མི་ཚང་ཚུལ་གྱི་བསྙད་འདོགས་བྱས་ཏེ་སྒོ་བརྒྱབ་འདུག ཅེས་བརྗོད་བྱུང་། དེ་མིན་ཇ་སག་སློབ་ཆུང་ནས་ད་བར་དུ་ས་གནས་སློབ་ཕྲུག་ཅི་ཙམ་སློབ་སྐྱོང་གནང་ཡོད་མེད་དང་། སློབ་གྲྭ་དེ་སྒོ་བརྒྱབ་རྗེས་ཇ་སག་སྡེ་བའི་སློབ་མ་རྣམས་སློབ་གྲྭ་གང་དུ་སློབ་གཉེར་ལ་གཏོང་གི་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་རྒྱུས་ལོན་མ་ཐུབ་པར་ལྷག་ཡོད།

སློབ་གྲྭ་གསུམ་པ།

མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ།

རྒྱ་ནག་གཞུང་གི་བཙན་དབང་འོག་ཏུ། ཕྱི་ལོ་ ༢༠༢༦ ཟླ་ ༡༠ པའི་ཟླ་མགོར་མགོ་ལོག་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་དུ་ཆགས་པའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ (果洛道扎福利学校) སྒོ་རྒྱག་དགོས་བྱུང་འདུག རྒྱུས་ལོན་བྱུང་བ་ལྟར་ན། སློབ་གྲྭ་འདིས་ལོ་ ༢༠ ཙམ་རིང་ཕ་མ་མེད་པའི་བོད་ཀྱི་བྱིས་པ་རྣམས་ལ་ཟས་གོས་དང་། སྡོད་ཁང་། སྨན་བཅོས། ཤེས་ཡོན་བཅས་རིན་མེད་དུ་མཁོ་སྤྲོད་བྱས་ཡོད། སློབ་གྲྭའི་གནས་སྟངས་ལ་རྒྱུས་ཡོད་པའི་མི་སྣ་ཞིག་གིས་སློབ་གྲྭར་སྒོ་བརྒྱབ་པ་ཁུངས་སྐྱེལ་བྱས་ཡོད་ཀྱང་། གཞུང་ཕྱོགས་ནས་སློབ་གྲྭ་སྒོ་བརྒྱབ་པའི་རྒྱུ་མཚན་ཁྱབ་བསྒྲགས་བྱས་མེད་ལ། སློབ་ཕྲུག་རྣམས་ད་ལྟ་གང་དུ་ཡོད་མེད་ཀྱང་གསལ་པོ་མི་འདུག

རྟ་བྲག་དྭ་ཕྲུག་སློབ་གྲྭ། པར་དྲ་རྒྱ་ནས་བླངས།

སློབ་གྲྭ་འདི་ནི་འདས་པོ་སྨན་པ་རྟའུ་བློ་བཟང་དཔལ་ལྡན་(༡༩༥༡-༢༠༡༩)དང་ཁོང་གི་བཟའ་ཟླ་ཆོས་ཉིད་ལྷ་མོ་གཉིས་ཀྱིས་ཕྱི་ལོ་ ༢༠༠༥ ལོར་གསར་འཛུགས་བྱས་པ་ཞིག་རེད་འདུག སྨན་པ་རྟའུ་བློ་བཟང་དཔལ་ལྡན་ནི་ཕྱི་ལོ་ ༡༩༥༡ ལོར་ཁམས་རྟའུ་རུ་འཁྲུངས་ཤིང་། ཆུང་དུས་ནས་བཙན་བྱོལ་དུ་ཕེབས་ཏེ་དགུང་ལོ་ ༡༢ ཐོག་འཇར་མན་དུ་ཕེབས། དེ་ནས་སྨན་པ་ཞིག་ཏུ་གྱུར་པ་དང་ཆབས་ཅིག “སྤྲིན་འཁོར” (Trinkhor) ཞེས་པའི་གླུ་གཞས་ཀྱི་སྒྲ་ཐག་ཁག་གཅིག་ཀྱང་བཏོན་ཡོད་པ་རེད།

ཁོང་གིས་ཕྱི་ལོ་ ༡༩༩༥ ལོར་འཇར་མན་དུ་ “རྟ་བྲག་ལས་གཞི” (Tadra Project) ཞེས་པ་གསར་འཛུགས་བྱས་ཤིང་།  ལས་གཞི་དེ་ལ་བརྟེན་ནས་ཕྱི་ལོ་ ༡༩༩༧ ལོར་ཁོང་གི་ཕ་ཡུལ་ཁམས་རྟའུ་རུ་དྭ་ཕྲུག་གི་སློབ་གྲྭ་དང་པོ་བཙུགས། མགོ་ལོག་གི་སློབ་གྲྭ་འདི་ནི་ལས་གཞི་དེའི་ཆ་ཤས་གཉིས་པ་ཡིན་ཞིང་། ཕྱི་ལོ་ ༢༠༠༥ ལོར་བཙུགས་ནས་ ༢༠༠༦ ཟླ་ ༨ པར་དངོས་སུ་དབུ་འབྱེད་བྱས་ཡོད་འདུག འཇར་མན་དང་སུད་སིའི་རྟ་བྲག་ཐེབས་རྩ་ཁང་གཉིས་ཀྱིས་ད་བར་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་ཡོད་པ་རེད། ཡིད་ཕངས་པ་ཞིག་ལ། སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལགས་ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༤ ཉིན་འཇར་མན་གྱི་བ་ཝེ་རི་ཡར་སྐུ་གཤེགས་ཡོད་པ་རེད།

སློབ་གྲྭ་འདི་ནི་མགོ་ལོག་རྟ་བོ་གྲོང་རྡལ་དུ་ཆགས་ཡོད་ཅིང་། སློབ་གྲྭས་ཕྱི་ལོ་ ༢༠༡༨ ལོར་སྤེལ་བའི་སྙན་ཐོ་ལྟར་ན། སློབ་གྲྭ་འདི་ནི་མགོ་ལོག་ཁུལ་ཡོངས་ཀྱི་དྭ་ཕྲུག་ཆེད་དུ་ལོ་དགུའི་སློབ་གསོ་སྤྲོད་མཁན་གྱི་སྤྱི་ཕན་སློབ་གྲྭ་གཅིག་པུ་དེ་ཡིན། མགོ་ལོག་ཁུལ་གྱི་ཏང་ཨུ་ཡོན་ལྷན་ཁང་དང་མི་དམངས་སྲིད་གཞུང་། ཁུལ་གྱི་སློབ་གསོ་ཅུས། དམངས་སྲིད་ཅུས་བཅས་ཀྱིས་ཆོག་མཆན་སྤྲད་ནས་བཙུགས་པ་དང་། རྗེས་སུ་རྨ་ཆེན་རྫོང་གི་སློབ་གསོ་ཅུས་ཀྱི་ཁོངས་སུ་ཚུད་ཡོད། ཕྱི་ལོ་ ༢༠༡༨ ལོར་སློབ་གྲྭར་སློབ་ཕྲུག་ ༢༨༠ དང་། སྔོན་འགྲོའི་འཛིན་གྲྭ་ནས་ལས་རིགས་འཛིན་གྲྭའི་བར་འཛིན་གྲྭ་ ༡༡། དགེ་རྒན་དང་ལས་བྱེད་ ༢༨ ཡོད་པ་དང་། “ཁྱིམ་ཚང་ཨ་མ” ༨ ཀྱིས་སློབ་ཕྲུག་རྣམས་ཀྱི་འཚོ་བར་བལྟ་སྐྱོང་བྱེད་ཀྱི་ཡོད། སློབ་གྲྭ་དེས་མགོ་ལོག་ཁུལ་ཡོངས་ཀྱི་དྭ་ཕྲུག་རྣམས་ནང་འཛུལ་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་ས་ཡོམ་རྗེས་ཡུལ་ཤུལ་གྱི་དྭ་ཕྲུག་ ༣༠ ལྷག་ཀྱང་སློབ་འཇུག་བྱས་ཡོད་འདུག། དེ་བཞིན་སློབ་གྲྭ་འགྲིམས་མ་མྱོང་བའི་ལོ་ན་ཆེ་བའི་དྭ་ཕྲུག་རྣམས་ལ་འཚེམ་བཟོ་དང་། ཐང་ཀ་བྲིས་འབུར། བོད་གདན་འཐག་སྟངས་བཅས་ཀྱི་ལག་ཤེས་སློབ་སྦྱོང་སྤྲད་ཡོད་འདུག

སློབ་ཕྲུག་བསྡུ་ལེན་བྱེད་སྟངས་ཐད་ནས་ལོ་རེར་དྭ་ཕྲུག་ ༣༠ ལས་མི་ཉུང་བ་སློབ་འཇུག་བྱེད་ཀྱི་ཡོད་ལ། དེར་ཕོ་མོ་དང་། ལོ་ཚོད་བཅས་ཀྱི་ཚད་འཛིན་མེད་པ་རེད་འདུག  སློབ་ཕྲུག་རྣམས་ཀྱི་འཚོ་བ་དང་། སློབ་སྦྱོང་། སྨན་བཅོས་ཀྱི་འགྲོ་སོང་ཚང་མ་སློབ་གྲྭས་ངོས་ནས་ཐབས་འཚོལ་བྱས་ཡོད་འདུག དེ་བཞིན་རྟ་བྲག་ཐེབས་རྩའི་སློབ་ཡོན་གྱི་ཁར་མཚོ་སྔོན་ཞིང་ཆེན་གྱི་སློབ་ཡོན་རོགས་དངུལ་དང་། གྲང་ངར་ལ་གདོང་ལེན་གྱི་རོགས་དངུལ། རྨ་ཆེན་རྫོང་གི་དམངས་སྲིད་ཅུས་ཟེར་བའི་ “དྭ་ཕྲུག་འཚོ་བའི་རོགས་དངུལ” སོགས་ཐོབ་པ་མ་ཟད། གཏོང་ཕོད་ཅན་གྱི་རྒྱ་རིགས་སྦྱིན་བདག་ཀྱང་ཡོད་སྐོར་བཀོད་འདུག

སློབ་གྲྭ་འདིར་ས་གནས་གཞུང་གིས་བསྔགས་བརྗོད་བྱས་ཏེ།  ཕྱི་ལོ་ ༢༠༠༨ ལོའི་མགོ་ལོག་ཁུལ་གྱི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་སློབ་གྲྭ་འདི་དཔེ་མཚོན་ཅན་དུ་ངོས་འཛིན་ཞུས་པ་དང་། སློབ་གཙོ་ཐུབ་བསྟན་ཉི་མ་ལགས་ལ་ “ཕུལ་བྱུང་སློབ་གཙོ་” ཞེས་པའི་གཟེངས་རྟགས་སྤྲད་པ། ཕྱི་ལོ་ ༢༠༡༥ ལོར་སློབ་གྲྭ་འདིའི་སློབ་ཕྲུག་རྣམས་ཀྱིས་མཐོ་འབྲིང་ཚུད་རྒྱུགས་ནང་མགོ་ལོག་ཁུལ་ཡོངས་ནས་ཨང་དང་པོ་བླངས་ཡོད་པའི་གནས་ཚུལ་ཡང་འདུག

རྟ་བྲག་ལས་གཞིའི་དྲ་ཚིགས་ནང་བཀོད་པའི་གནས་ཚུལ་ལྟར་ན། ལས་གཞི་དེས་མགོ་ལོག་དང་ཁམས་རྟའུ་གཉིས་ཀྱི་དྭ་ཕྲུག་སློབ་གྲྭ་གཉིས་སུ་དྭ་ཕྲུག་ ༧༠༠ ལྷག་ལ་བལྟ་སྐྱོང་བྱས་ཡོད་འདུག སུད་སིའི་རྟ་བྲག་ཐེབས་རྩའི་དྲ་ཚིགས་སུ་བཀོད་པ་ལྟར་ན། ཕྱི་ལོ་ ༢༠༢༥ ཟླ་ ༧ པའི་མཇུག་ཏུ་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ཚུགས་ནས་མི་ལོ་ ༢༠ འཁོར་བའི་རྗེས་དྲན་དུས་ཆེན་རྒྱ་ཆེན་པོ་ཞིག་འཚོགས་ཡོད་འདུག་ལ།  དེ་ནི་སློབ་གྲྭ་སྒོ་མ་བརྒྱབ་པའི་ལོ་གཅིག་ཙམ་གྱི་སྔོན་རེད།

སློབ་གྲྭ་གསུམ་གྱི་གནས་ཚུལ་ཐད་ནས་བལྟས་ན། གཅིག་ནས་སློབ་གྲྭ་གསུམ་པོ་མགོ་ལོག་ཁུལ་རྨ་ཆེན་རྫོང་དུ་ཡོད་པ་དང་། གཉིས་ནས་ཐོག་མར་སྒེར་བཙུགས་ཡིན་པ་དང་ཕྱིས་སུ་ས་གནས་སློབ་གསོ་ཅུས་ཀྱི་སྟངས་འཛིན་འོག་ཏུ་བཅུག་པ། གསུམ་ནས་སློབ་གྲྭ་གསུམ་པོས་བོད་མི་རིགས་སྐད་ཡིག་གཙོས་པའི་བརྡ་དག་རྟགས་གསུམ། སྙན་ངག སྲོལ་རྒྱུན་ལག་ཤེས་སོགས་ཀྱི་ཐད་ནུས་པ་ཐོན་ཡོད་པ་ཞིག་རེད། འོ་ན། ཉེ་བའི་ལོ་ཤས་རིང་མགོ་ལོག་ས་ཁུལ་གྱི་སྒེར་བཙུགས་སློབ་གྲྭ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྒོ་བརྒྱབ་པའི་གནས་ཚུལ་འབྱུང་དོན་ག་རེ་རེད་དམ། རྒྱ་ནག་དབུས་གཞུང་གི་སྲིད་ཇུས་གཞིར་བཞག་ཐོག་སྒོ་རྒྱག་གི་ཡོད་རེད་དམ། ཡང་ན་ས་གནས་སྲིད་གཞུང་གིས་རང་ཐག་རང་གཅོད་བྱས་ཏེ་སྒོ་བརྒྱབ་པ་རེད། དྲི་བ་འདི་དག་ལ་ལན་ཏག་ཏག་ཡོད་མ་རེད། གནད་དོན་འདི་དང་འབྲེལ་ནས་རྒྱ་ནག་གི་སློབ་གསོའི་སྲིད་ཇུས་དང་ཁྲིམས་ལུགས་སོགས་ལ་རྒྱུས་མངའ་ཆེ་བའི་ཆེད་མཁས་པ་གཉིས་ཀྱི་བསམ་ཚུལ་ལེན་ཐབས་བྱས་ཀྱང་། ད་བར་ལན་འབྱོར་མ་བྱུང་བས། ལན་འབྱོར་བ་ཡིན་ན་ཁ་སྣོན་བྱ་ཡི་ཡིན།

བོད་ཀྱི་དུས་བབ་ཀྱིས།

 

འབྲེལ་ཡོད་གསར་འགྱུར།

བོད་ཁུལ་གྱི་བྱིས་པ་ས་ཡ་གཅིག་ཙམ་རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་བཅུག བོད་ཀྱི་དུས་བབ་ཀྱི་པར།
Mobile App

བོད་དཀར་མཛེས་ཁོངས་སུ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་མེད་པ་བཟོས།

༢༠༢༣/༡༠/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese