རྒྱ་ནག་གི་སློབ་ཆེན་ ༡༤ ཡིས་རྒྱ་ནག་གི་མགོ་ཁྲིད་མཐོ་ཤོས་ཀྱི་ལས་ཡུན་ཐད་རྩ་ཁྲིམས་བཅོས་བསྒྱུར་དགོས་པའི་ཞུ་ཡིག་ཅིག་དྲ་ལམ་དུ་ཁྱབ་འདུག

ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན། རྒྱ་ནག་གུང་ཁྲན་ཏང་གི་སྐབས་ ༢༠ པའི་ཀྲུང་ཨུ་ཚང་འཛོམས་ཚོགས་ཆེན་ཐེངས་ལྔ་པ་པེ་ཅིན་དུ་མགོ་ཚུགས་པའི་ཉིན་དེར། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་གྲྭ་ཆེན་མོའི་སློབ་མའི་ཚོགས་པ་ཞིག་གི་འབོད་སྐུལ་ཡི་གེ་ཞེས་པའི་རྩོམ་ཞིག་དྲ་ཐོག་ཏུ་ཐོན་ཡོད་འདུག པེ་ཅིན་སློབ་གྲྭ་ཆེན་མོ་དང་རྒྱ་ནག་མི་དམངས་སློབ་གྲྭ་ཆེན་མོ་སོགས་སློབ་གྲྭ་ཆེན་མོ་ ༡༤ སློབ་མས་མཉམ་འབྲེལ་གྱིས་མིང་རྟགས་བཀོད་དེ། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་གྱི་ལོའི་ཚད་བཀག་སླར་གསོ་དགོས་པ་དང་། དམངས་གཙོའི་རྩ་ཁྲིམས་བཅོས་བསྒྱུར་མགོ་འཛུགས་དགོས་པའི་རེ་འདུན་བཏོན་ཡོད་འདུག
ཐའེ་ཝན་གྱི་གསར་ལམ་ཁ་ཤས་ཀྱིས་རྒྱ་ནག་གི་སློབ་ཆེན་བཅུ་ལྷག་གི་སློབ་མ་ཚོས་མཉམ་འབྲེལ་ཐོག་འབོད་སྐུལ་ཞེས་པ་དེ། སློབ་གྲྭའི་གླེང་སྟེགས་ཐོག་སྤེལ་རྗེས་མགྱོགས་པོར་ནག་བསུབ་བཏང་འདུག་པར། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ (RFA) གིས་ཞིབ་བཤེར་བྱས་པ་ལྟར་ན། འབོད་སྐུལ་ཞུ་ཡིག་དེར་སློབ་གྲྭའི་མིང་ཁོ་ན་ཐོ་འགོད་བྱས་པ་ཙམ་ལས། མི་སྒེར་གྱི་མིང་རྟགས་གང་ཡང་མེད་པ་ཤེས་རྟོགས་བྱུང་ཡོད་འདུག དེ་མིན་དྲ་ཚིགས་དེའི་ཐོ་འགོད་ཨང་རྟགས་ལྷོ་ཀོ་རི་ཡར་འཁེལ་གྱི་ཡོད་པ་དང། ཡིག་ཟམ་ཁ་བྱང་ནི་སེང་གྷ་ཕོར་ཡིན་པ། ཡི་གེ་དེ་འབྲི་མཁན་ནི་སློབ་གྲྭའི་སློབ་མ་ཡིན་མིན་དང་། དེ་སྤེལ་སའི་དྲ་ཚིགས་རྒྱ་ནག་རྒྱལ་ནང་དུ་ཡོད་མེད་ཐག་གཅོད་དཀའ་བ་རེད། ཅེས་བརྗོད་འདུག
འབོད་སྐུལ་ཞུ་ཡིག་དེ་ཕྱི་ཚེས་ ༢༦ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣ སྐར ༡༨ ལ་སི་ཡོན་ཧུ་ (思源湖) BBS ཞེས་པའི་དྲ་ཚིགས་ཤིག་ཏུ་སྤེལ་བ་དང་། ཞུ་ཡིག་དེ་རྒྱ་ནག་གུང་ཁྲན་ཏང་དང་། རྒྱ་ནག་གུང་ཁྲན་ཏང་གི་སྐབས་ ༢༠ པའི་ཀྲུང་ཨུ་ཚང་འཛོམས་ཚོགས་ཆེན་ཐེངས་ལྔ་པར་སྤྲོད་དགོས། དེ་ནི་སུན་ཀྲུང་ཧྲན་སྐྱེས་ནས་ལོ་ ༡༦༠ འཁོར་བར་དྲན་གསོ་བྱས་པ་ཡིན། ཞེས་བྲིས་ཡོད་འདུག
ཞུ་ཡིག་ནང་སུན་ཀྲུང་ཧྲན་དང། མའོ་ཙེ་ཏུང་། ཏེང་ཤའོ་ཕིང་བཅས་ཀྱིས་དམངས་གཙོ་དང་། དབང་ཆ། མགོ་ཁྲིད་ལམ་ལུགས་སྐོར་གྱི་གཏམ་བཤད་དྲངས་ནས། ཕྱི་ལོ་ ༢༠༡༨ རྩ་ཁྲིམས་བཅོས་བསྒྱུར་བྱས་ཏེ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་ཀྲུའུ་ཞི་གཞོན་པའི་འགན་ཁུར་ལས་ཡུན་སྐབས་གཉིས་ལས་འཛིན་མི་ཆོག་པའི་དོན་ཚད་བསུབ་པ་ལ་དོགས་འདྲི་དང། ཆབ་སྲིད་བརྟན་ལྷིང་ནི་ལམ་ལུགས་ཀྱི་སྔོན་དཔག་བྱེད་ཐུབ་པ་ལས་ཡོང་དགོས་པ། དབང་ཆ་ནི་དུས་ཡུན་ཚད་བཀག་ཅན་དང་ལྟ་རྟོག་འོག་གནས་དགོས་ཞེས་བརྗོད་ཡོད་འདུག
འབོད་སྐུལ་ཞུ་ཡིག་ནང་གི་དགོས་འདུན་གསུམ།
དང་པོ། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་དུས་ཡུན་ཚད་བཀག་མེད་པའི་ལམ་ལུགས་མེད་པར་བཟོས་ཏེ། རྩ་ཁྲིམས་གཞིར་བཟུང་གིས་ལོ་ཚད་དུས་ཡུན་སླར་གསོ་དགོས། དམར་ཤོག་ཚོགས་པའི་མགོ་ཁྲིད་མཐོ་ཤོས་ཀྱི་གོ་གནས་ལའང་ལོ་ཚད་དུས་བཀག་གསལ་པོ་བཟོ་དགོས།
གཉིས་པ། དམངས་གཙོའི་རྩ་ཁྲིམས་བསྐྱར་བཅོས་མགོ་འཛུགས་ཏེ། རྒྱལ་དམངས་རྩ་ཁྲིམས་བཅོས་བསྒྱུར་གྱི་ཚོགས་འདུ་འཚོག་དགོས་པ་དང་། འོས་འདེམས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།
གསུམ་པ། མི་དམངས་ལ་ཁྲིམས་དང་མཐུན་པའི་རྒྱལ་ཁབ་ཀྱི་ལས་དོན་གྲོས་བསྡུར་བྱེད་པའི་གོ་སྐབས་འགན་ལེན་བྱེད་དགོས། ཞེས་དང་། གཞན་ཡང་ཞུ་ཡིག་ནང་། ང་ཚོར་ངོ་རྒོལ་བྱེད་འདོད་མེད་ལ་འགལ་ཟླ་བཟོ་འདོད་ཀྱང་མེད། ང་ཚོ་ནི་སུན་ཀྲུང་ཧྲན་གྱི་སློབ་སྟོན་འོག་འཚར་ལོངས་བྱུང་བའི་ན་གཞོན་ཚོགས་པ་ཞིག་ཡིན། གསར་བརྗེ་ད་དུང་ལེགས་གྲུབ་བྱུང་མེད། བློ་མཐུན་ཚོས་མུ་མཐུད་འབད་བརྩོན་བྱེད་དགོས་ཞེས་པའི་སེམས་ཁམས་ཀྱིས། རྒྱལ་ཁབ་འདིའི་ཕུགས་རྒྱང་དོན་དུ་ཤེས་ཡོན་པ་ཞིག་གི་འགན་ཁུར་འཁུར་འདོད་ཡོད་ཅེས་བྲིས་ཡོད་འདུག
ཐའེ་ཝན་གྱི་བརྒྱུད་ལམ་ཞིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཚོགས་ཆེན་ཐེངས་ལྔ་པའི་སྐབས་སུ། རྒྱ་ནག་གི་སློབ་གྲྭ་ཆེན་མོ་བཅུ་ལྷག་གི་སློབ་མ་ཚོས་མཉམ་འབྲེལ་ཐོག་སྤེལ་བའི་འབོད་སྐུལ་ཞུ་ཡིག་ཅིག་བསྡུ་སྒྲིག་བྱས་པ་ཞེས་བཀོད་ཡོད་ཀྱང་། ཡི་གེ་དེ་འབྲི་མཁན་སོགས་སུ་ཡིན་གསལ་བཤད་བྱས་མེད། གཞན་ཡང་བརྒྱུད་ལམ་ཁ་ཤས་ཀྱིས་ཞུ་ཡིག་དེ་སློབ་གྲྭའི་གླེང་སྟེགས་ཐོག་སྤེལ་ནས་ཡུན་རིང་མ་འགོར་བར་བསུབས་ཡོད་པའི་གནས་ཚུལ་བཏོན་ཡོད། རྗེས་སུ་ཞུ་ཡིག་གི་པར་བཤུས་དེ་རྒྱལ་སྤྱིའི་གླེང་སྟེགས་དང་སྤྱི་ཚོགས་དྲ་རྒྱ་རུ་ཁྱབ་སོང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཞིབ་བཤེར་བྱས་པ་ལྟར་ན། ཞུ་ཡིག་དེ་སློབ་གྲྭའི་གཞུང་འབྲེལ་མ་ཡིན་པའི་གླེང་སྟེགས་ཤིག་ཏུ་སྤེལ་འདུག་པ་དང་། ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་གྱི་མཚན་གུང་བར་དུ། ཞུ་ཡིག་དེར་ལྟ་ཀློག་བྱེད་མཁན་མི་ ༦༥༦ བྱུང་ཡོད་པ་དང་། དགའ་རྟགས་གཅིག་ལས་ཐོབ་མེད། དྲ་ལམ་དུ་སྤེལ་མཁན་གྱི་མིང་ལ་ལིན་ཙི་དབྱི་ (林子依) ཞེས་བྲིས་ཤིང་། དྲ་རྒྱའི་གོ་བབ་ཀྱི་རིམ་པ་ LV.1 ཡིན། དེ་ནི་ཁོས་སྤེལ་བའི་རྩོམ་ཡིག་ཐོག་མ་ཡིན་པ་དང་། མི་དེ་སློབ་ཕྲུག་ཡིན་མིན་གསལ་སྟོན་བྱས་མི་འདུག་ཅེས་བསྟན་འདུག
ཞུ་ཡིག་ནང་དུ་བཀོད་པའི་སློབ་གྲྭ་ནི་པེ་ཅིན་སློབ་གྲྭ་ཆེན་མོ་དང་། རྒྱ་ནག་མི་དམངས་སློབ་གྲྭ་ཆེན་མོ། ཐུང་ཅི་ (同济) སློབ་གྲྭ་ཆེན་མོ། ཞི་ཨན་འགྲིམ་འགྲུལ་ (西安交通) སློབ་གྲྭ་ཆེན་མོ། ཞ་མན་ (厦门) སློབ་གྲྭ་ཆེན་མོ། ནན་ཁེ་ (南开) སློབ་གྲྭ་ཆེན་མོ་སོགས་སློབ་ཆེན་ ༡༤ དང་། ཁོ་ཚོས་མུ་མཐུད་ཞུ་གཏུགས་བྱེད་བཞིན་ཡོད་ཅེས་ཞེས་བརྗོད་འདུག ཞུ་ཡིག་དེ་སྤེལ་སའི་དྲ་ཐག་གི་མཇུག་དེ་ com ཡིན་པ་དང་། རྒྱ་ནག་ཏུ་བཀོལ་ཆེ་བའི་དྲ་ཐག་མཇུག་གི་ cn མིན་པ་དང་། དྲ་ཚིགས་དེའི་ (IP) ཁ་བྱང་ 43.155.168.161 བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། མིང་དང་ཨང་གྲངས་བཀོད་སྒྲིག་བྱེད་པའི་དྲ་རྒྱའི་ལས་ཁུངས་ (ICANN) དང་མཉམ་དུ་ཐོ་འགོད་གནས་ཚུལ་ཞིབ་བཤེར་བྱེད་སྐབས་རྒྱལ་ཁབ་དང་ས་ཁུལ་གྱི་གསང་གྲངས་ (KR) ཡིན་པ་དེས་ལྷོ་ཀོ་རི་ཡ་སྟོན་གྱི་ཡོད། སྤེལ་སའི་ས་གནས་ནི་སེང་གྷ་ཕོར་གྱི་ཀི་ལེ་གྲུ་ཁ་ (哥烈码头) ཨང་ ༡༦ (16 Collyer Quay) ཡིན། དོ་དམ་པའི་གློག་འཕྲིན་དེ་ཐིན་ཤོན་ (腾讯伺服器) ནས་ཐོ་འགོད་བྱས་ཡོད། (@tencent.com) ཁ་པར་དང་སྐད་འཕྲིན་ཨང་གྲངས་ཀྱང་རྒྱ་ནག་གི་ཨང་གྲངས་ཡིན་ནའང། དྲ་ཚིགས་འདི་རྒྱ་ནག་ནང་ཡོད་མེད་གཏན་འཁེལ་བྱེད་དཀའ་བ་དང་། དེ་བཞིན་སྒྲིག་འཛུགས་དང་ལས་ཁུངས་གང་ཞིག་གིས་དོ་དམ་བྱེད་བཞིན་ཡོད་པ་གཏན་འཁེལ་མི་འདུག ཅེས་གསལ་འདུག
ཞུ་ཡིག་འདིའི་གལ་ཆེའི་རང་བཞིན་ནི་དེའི་དུས་ཚོད་དང་དམིགས་ས་གཉིས་ལ་རག་ལས་ཡོད། ཕྱི་ལོ་ ༢༠༡༨ རྒྱ་ནག་གི་རྩ་ཁྲིམས་བཅོས་སྒྱུར་བྱས་རྗེས། ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༢༢ གུང་ཁྲན་ཏང་གི་སྤྱི་ཁྱབ་དྲུང་ཆེ་ཐེངས་གསུམ་དང་། ཕྱི་ལོ་ ༢༠༢༣ རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་གྱི་ལས་ཁུར་ཐེངས་གསུམ་བླངས། ད་ཆ་གོ་གནས་དེ་གཉིས་ཀྱི་དུས་ཡུན་ལ་ཚད་གཞི་མེད། རྒྱལ་སྤྱིའི་ཐོག་ཕྱི་ལོ་ ༢༠༢༧ གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༢༡ པའི་ཐོག་ཞི་ཡིས་ལས་ཡུན་ཐེངས་བཞི་པའི་གོ་གནས་ལེན་མིན་ཐད་དོ་སྣང་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༣ ཉིན། གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ ༢༠ པ་མ་འཚོག་པའི་ཉིན་ཤས་གོང་ལ། པཱང་ལི་ཕཱ་ (彭立发) ཞེས་པའི་མི་ཞིག་གིས་པེ་ཅིང་གི་སི་ཐོང་ཟམ་ཆེན་ (四通桥) ཐོག་ཏུ་འཕྲེད་དར་བཀལ་ནས་ཞི་ཅིན་ཕིན་གོ་གནས་ནས་གནས་དབྱུང་གཏོང་དགོས་པ་དང་། ཏོག་དབྱིབས་གཉན་རིམས་གཙང་བཤེར་སྲིད་ཇུས་མཚམས་འཇོག་དགོས་པའི་འབོད་སྐུལ་བྱས། ལོ་དེའི་ལོ་མཇུག་ཏུ། “ཤོག་བུ་དཀར་པོའི་ལས་འགུལ” (白纸运动) དེ་རྒྱ་ནག་གི་གྲོང་ཁྱེར་ཁག་དང་སློབ་གྲྭ་ཆེན་མོའི་སློབ་གྲྭ་ཁག་ཏུ་ཁྱབ། དེར་བརྟེན། ཞུ་ཡིག་འདིའི་བདེན་རྫུན་ར་སྤྲོད་བྱུང་མེད་པར་ལུས་ཡོད་ནའང་། རྒྱ་ནག་གི་སློབ་གྲྭ་ཆེན་མོའི་མིང་ཐོག་ནས་རྒྱ་ནག་གི་མགོ་འཁྲིད་མཐོ་ཤོས་ཀྱི་ལས་ཡུན་ཚད་བཀག་ཅན་དུ་སྒྱུར་དགོས་པའི་ཞུ་ཡིག་ཅིག་ཆབ་སྲིད་ཀྱི་གནད་འགག་ཆེ་བའི་དུས་སུ་ཐོན་ཡོད་པ་རེད།
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།
