ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་དགེ་རྒན་ཉིན་མོ་དང་འབྲེལ་བའི་འཚམས་འདྲིའི་འཕྲིན་ཡིག་ནང་ཤེས་འཇོན་གཉིས་ལྡན་གྱི་ན་གཞོན་ཤེས་ཡོན་ཅན་མང་དག་ཅིག་སྐྱེད་སྲིང་བྱ་དགོས་སྐོར་སོགས་གསུངས་འདུག

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༥ སྟེ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་འཁྲུངས་སྐར་དང་བསྟུན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་དགེ་རྒན་ཉིན་མོ་སྲུང་གཙི་ཞུ་མུས་ཡིན་པ་ལྟར། ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་དགེ་རྒན་ཉིན་མོ་དང་འབྲེལ་བའི་འཚམས་འདྲིའི་འཕྲིན་ཡིག་ཅིག་སྤེལ་བའི་ནང་། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་ལས་ཡོངས་ཀྱིས་སྔར་ལས་ལྷག་པའི་ངལ་བ་ཁྱད་དུ་བསད་ནས་ཡ་རབས་བཟང་སྤྱོད་ལྡན་པའི་ཐོག་ནས། ནང་ཕྱི་ཤེས་ཡོན་ལྡན་པའི་ན་གཞོན་མང་དག་ཅིག་སྐྱེད་སྲིང་བྱ་དགོས་པའི་རེ་སྐུལ་གནང་འདུག
ཤེས་རིག་བཀའ་བློན་མཆོག་གིས། འཕྲིན་ཡིག་ནང་། བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པའི་གྲོས་ཆོད་དགོངས་དོན། ལོ་རེའི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་སློབ་དཔོན་ཆེན་མོ་མཁས་དབང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་གི་འཁྲུངས་སྐར་གྱི་དུས་སྟོན་དེ་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ནང་བོད་ཀྱི་དགེ་རྒན་ཉིན་མོ་ཞེས་རྒྱ་ཁྱབ་ཏུ་སྲུང་བརྩི་ཞུ་བཞིན་ཡོད་པས། ངས་ཐོག་མར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་དགེ་ལས་སློབ་ཕྲུག་ཡོངས་ལ་འཚམས་འདྲི་དང་སྦྲགས་དུས་སྟོན་སྤྲོ་བོ་ཡོང་བའི་སྨོན་འདུན་ཞུ། ཅེས་གསུངས་འདུག
ཡང་འཕྲིན་ཡིག་ནང་། སློབ་དཔོན་ཆེན་མོ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དགོངས་དོན་བཞིན། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་ཛ་དྲག་གཉན་འཕྲང་གི་དུས་སྐབས་འདིར་བོད་མི་སྤྱིའི་འཕྲལ་ཕུགས་རྒྱང་གསུམ་གྱི་ཕན་བདེའི་སླད་དུ་ཤེས་ཡོན་དང་། ཆབ་སྲིད། སྤྱི་ཚོགས་བདེ་དོན་སོགས་ཀྱི་མཛད་ཁུར་ཆེ་བཞེས་དང༌། རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་འཆད་ཉན་གྱི་རྒྱུན་འཛིན་གནང་མཁན་གདན་ས་དང་དགོན་སྡེ་གྲྭ་ཚང་ཁག་ཏུ་གསུང་ཆོས་བཀའ་འཁྲིད་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་རླབས་པོ་ཆེ་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་སུ་དྲན་དགོས་པ་དང༌། ལྷག་པར་དུ་རིན་པོ་ཆེ་མཆོག་གིས་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་བཟོ་འགོད་དང་། གཏན་འབེབས་བྱུང་བ་བཙན་བྱོལ་བོད་མིའི་སློབ་ཁག་ནང་ལག་བསྟར་བགྱིས་ཏེ་ཕྲུ་གུའི་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཐོག་ཡར་རྒྱས་ཀྱི་རྣམ་པ་གསལ་ཐོན་ཐུབ་པ་བྱུང་ཡོད། ཅེས་དང་། ཤེས་འཇོན་ལྷག་བསམ་ལྡན་པའི་དགེ་ལས་ཡོངས་ནས་ཀྱང་སྔར་ལྷག་ངལ་བ་ཁྱད་བསད་ཀྱིས་ཡ་རབས་བཟང་སྤྱོད་ལྡན་ཞིང༌། ཕྱི་ནང་ཤེས་ཡོན་གྱིས་ཕྱུག་པའི་བོད་མིའི་སྣེ་ཁྲིད་མི་སྣ་གང་མང་སྐྱེད་སྲིང་ཡོང་བའི་གཞེན་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག
འདས་ལོའི་ཕྱི་ཟླ་ ༡ ཚེས་ ༧ ནས་ཉིན་གྲངས་གསུམ་རིང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་ཡོད་ཅིང་། ཚོགས་ཆེན་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐོག་མ་སུ་རི་བོད་ཁྱིམ་ནས་སློབ་གྲྭའི་སྐུ་ཚབ་གྲངས་ ༢༤ དང་། དྷ་སྟེང་བོད་ཁྱིམ་ཁྱབ་ཁོངས་ཀྱི་སྐུ་ཚབ་ ༦༠། སཾ་བྷོ་ཊ་ཁྱབ་ཁོངས་ཀྱི་སྐུ་ཚབ་ ༩༡། བལ་ཡུལ་གངས་ཅན་བདེ་རྩའི་ཁྱབ་ཁོངས་ཀྱི་སྐུ་ཚབ་ ༢༡། གཞན་ཡང་རང་སྐྱོང་སློབ་གྲྭའི་སྐུ་ཚབ་ ༡༠ བཅས་ཁྱོན་བསྡོམས་ཚོགས་བཅར་བ་ ༢༠༦ ཕེབས་གནང་ཡོད་ལ། ༧སྐྱབས་རྗེ་ཟམ་གོདང་རིན་པོ་ཆེ་མཆོག་གི་འཁྲུགས་སྐར་ཉིན་དགེ་རྒན་ཉིན་མོ་སྲུང་གཙི་བྱ་རྒྱུའི་གྲོས་མཐུན་བྱུང་བ་བཞིན། དེ་རིང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་དགེ་རྒན་ཉིན་མོ་སྲུང་གཙི་ཞུ་མུས་ཡིན་འདུག
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

