རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་ཇ་ཡེ་གྷོན་དུ་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པར་མངའ་གསོལ་གྱི་ཁྲི་སྟོན་མཛད་སྒོ་འཚོགས་སོང་།

དེ་རིང་ཕྱི་ཚེས་ ༥ ཉིན། རྒྱ་གར་ནུབ་བྷེང་གྷལ་མངའ་སྡེའི་ཇ་ཡེ་གྷོན་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་གདན་ས་ཐེག་ཆེན་ཕུན་ཚོགས་གླིང་དུ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པར་མངའ་གསོལ་གྱི་ཁྲི་སྟོན་མཛད་སྒོ་འཚོགས་སོང་།
མཛད་སྒོའི་སྐུ་མགྲོན་གཙོ་བོར་༧དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་དབུས་པའི་ཁྲི་འཛིན་ ༤༢ པ་མཆོག་དང་། ཁྲི་འཛིན་ ༤༣ མཆོག དེ་བཞིན་སྐུ་འཁོར་ལྷན་ཚོགས་རྣམས་དང་། སྒྲོལ་མ་ཕོ་བྲང་དང་ཕུན་ཚོགས་ཕོ་བྲང་གི་སྐུ་མགྲོན་རྣམ་པ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། འབྲུག་གི་སྲིད་བློན་ཚེ་རིང་སྟོབས་རྒྱས་ལགས་གཙོས་པའི་མཐོ་རིམ་དཔོན་རིགས་ཁག་ཅིག་དང་། ནུབ་བྷེང་གྷལ་མངའ་སྡེའི་དཔོན་རིགས། འབྲས་ལྗོངས་ཀྱི་ཆོས་དོན་བློན་ཆེན་བསོད་ནམས་བླ་མ་ལགས་སོགས་མཉམ་བཞུགས་གནང་འདུག
མཛད་སྒོའི་ཐོག་༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པ་མཆོག་གིས། དེ་རིང་ཁྲི་སྟོན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་རྣམ་པ་ཚོ་ཚང་མའི་ང་ལ་བརྟན་བཞུགས་བསྟར་འབུལ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན། བརྟན་བཞུགས་ཕུལ་བའི་ཞལ་བཞེས་ཀྱི་ལན་ལ། བླ་མ་སྐྱེས་བུ་དམ་པ་སྐུ་ཚེ་ལ་རང་དབང་ཐོབ་བསྡད་མཁན་ཞིག་ཡིན་ན། སྐུ་ཚེ་ཡུན་རིང་པོར་བཞུགས་རོགས་ཞེས་པའི་ཞུ་བ་ཕུལ་བའི་ལན་ལ་བླ་མའི་ངོས་ནས་ཀྱང་ང་ཚེ་རིང་པོར་བསྡད་ཀྱི་ཡིན་ཞེས་གསུང་ནས་འོག་སྐལ་ལྡན་རྣམས་ལ་ཞལ་བཞེས་བཟང་པོ་ཐོབ་ནས། སྐུ་ཚེ་ཡུན་རིང་པོར་བཞུགས་རྒྱུའི་རྟེན་འབྲེལ་གྱི་མཆོད་པ་དེ་འདྲ་ཡིན་ས་རེད། སོ་སོ་སྐྱེ་བོ་སྐྱེ་འཆི་ལ་རང་དབང་མེད་པའི་ང་ལྟ་བུ་ལ་མཚོན་ན། ཞལ་བཞེས་ཀྱི་ཚུལ་དུ་ང་ཚེ་རིང་པོར་བསྡད་ཀྱི་ཡིན་ཞེས་པའི་ཁས་ལེན་བྱ་ཐུབ་མེད་པའི་གནས་སྟངས་ཤིག་ཏུ་ཡོད་རེད། ཡིན་ན་ཡང་། དེ་རིང་སྐྱབས་མགོན་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་པ་དབུ་བཞུགས་དང་། བསྟན་བདག་བླ་ཆེན་རྣམ་པ། སྤྲུལ་སྐུ་དང་མཁན་པོ། དགེ་འདུན་འདུས་བ་རྒྱ་མཚོ་ཁྱེད་རྣམ་པ་ཚང་མའི་བློ་གཅིག་སེམས་གཅིག་གིས་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཚེ་སྒྲུབ་ཀྱི་བརྟན་བཞུགས་གནང་བ་ཡིན་དུས། ང་རང་ངོས་ནས་ཚེ་རིང་པོར་འདུག་ཐུབ་ཀྱི་ཡིན་ཞེས་པའི་ནུས་པ་མེད་རེད་དེ། ཡིན་ན་ཡང་། ཁྱེད་རྣམ་པའི་ལྷག་བསམ་དང་ཆོས་པའི་གཏན་ཚིགས་ཀྱི་མཐུ་དང་ནུས་པ་ལ་བརྟེན་ནས། སྤྱིར་འཛམ་གླིང་སྐྱེ་འགྲོ་ཐམས་ཅད་ཀྱི་ཐུན་མོང་མ་ཡིན་པའི་འཆི་བའི་སྐྱེ་དངོས་ཐམས་ཅད་སེལ་ནས། ཚེ་རིང་ནད་མེད་ཡོང་བ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། སྐྱབས་མགོན་༧གོང་མ་ཁྲི་ཆེན་རིན་པོ་ཆེ་ཡབ་སྲས་རྣམས་གསུམ་དབུས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཐམས་ཅད་སྐུ་ཚེ་ཡུན་རིང་དུ་བརྟན་པ་དང་། ང་རང་ངོས་ནས་ཀྱང་ཚེ་རིང་པོར་བསྡད་རྒྱུ་དེར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཁྱད་པར་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞབས་ཞུ་བསྒྲུབ་རྒྱུའི་ཆེད་དུ། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་རྒྱུར་གོང་དུ་བརྟན་བཞུགས་ཀྱི་མཆོད་པའི་ནང་གསུངས་པ་ནང་བཞིན། གལ་ཏེ་བསྟན་པ་རྒྱས་པ་དང་། ། སེམས་ཅན་ཕན་པའི་རྒྱུར་འགྱུར་ན། ། མི་ལོར་བརྒྱ་ཚར་བརྒྱད་ལ་སོགས། ། གང་དུ་འཚོ་བ་བླ་མ་དང་། ། རྒྱལ་བ་སྲས་དང་བཅས་པས་བདག།། དབང་བཅུ་ལྡན་པར་བྱིན་གྱིས་རློབས། ། ཞེས་གསུངས་སོང་།
ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་ངག་དབང་ཀུན་དགའ་ཐེག་མཆོག་འགྱུར་མེད་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༩༣ ཨ་རིའི་གྲོང་ཁྱེར་སི་ཨེ་ཊལ་ (Seattle) དུ་སྐུ་འཁྲུངས་ཤིང་། ཁོང་གི་ཡབ་ནི་འཇིགས་བྲལ་རྫོགས་ཆེན་རྡོ་རྗེ་འཆང་རིན་པོ་ཆེ་མཆོག་ཡིན་ལ། ཡུམ་ནི་བདག་མོ་ལྷ་མཛེས་ཡོན་ཏན་ལགས་ཡིན། དགུང་ལོ་དྲུག་གི་ཐོག་རྒྱ་གར་དུ་ཆོས་ཀྱི་སློབ་གཉེར་དབུ་བཙུགས་ཏེ། བོད་ཡིག་འབྲི་ཀློག་དང་བརྡ་སྤྲོད། བོད་དང་འཛམ་གླིང་གི་ལོ་རྒྱུས། དབྱིན་ཡིག རྒྱ་ཡིག ཚན་རིག་སོགས་ཆོས་ལུགས་དང་དེང་རབས་ཀྱི་རིག་གནས་མང་པོ་སྦྱངས། དེ་བཞིན་རྫོང་གསར་བཤད་གྲྭར་ནང་པའི་ལྟ་གྲུབ་སློབ་ཁྲིད་གནང་བ་དང་། འཛམ་གླིང་ཡོངས་སུ་ཆོས་ཀྱི་བཀའ་ཆོས་གནང་བཞིན་ཡོད་འདུག
གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།